ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་ཁ་སྒང་ཞོལ་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སོང་བ་ན། སྡེ་བའི་སྡེ་སྲོལ་དམངས་ཆིངས་དེ་རིག་གནས་གྱང་ངོས་སུ་སྦྱར་འདུག་པར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག སྡེ་སྲོལ་དམངས་ཆིངས་དེ་ལ་དོན་ཚན་ཉེར་ལྔ་ཡོད་པ་དང་། དོན་ཚན་རེ་རེ་སྲོལ་གསར་གྱི་རྣམ་པས་ཁེངས་འདུག
ཉིན་ཤས་ཀྱི་སྔོན་དུ། ཁ་སྒང་ཞོལ་མ་སྡེ་བ་རུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་གཉེན་སྟོན་ཞིག་བྱས་པ་དང་། སྐབས་དེར་སྡེ་བའི་ལས་བྱེད་པ་རྣམས་ཞབས་ཞུ་བ་ཡིན་ཞིང་བྲེལ་བྲེལ་ཚུབ་ཚུབ་ཀྱིས་ལས་ཀར་སྒྲུབ་བཞིན་འདུག གཉེན་སྟོན་དེའི་གོ་རིམ་ཧྲིལ་བོ་སྟབས་བདེ་དང་བབ་ཆགས་ཀྱི་རྣམ་པས་ཁེངས་འདུག ཉིན་དེའི་བག་གསར་དབང་མོ་སྐྱིད་ཀྱིས་བཤད་རྒྱུར། སྟོན་མོའི་ཉིན་དེར་ངེད་ཚང་གི་འགྲུལ་ཁང་དེ་གསོལ་སྟོན་ཁང་ཡིན་པ་དང་། ཟས་རིགས་ཀྱི་སྐོར་ཀྱང་ཤ་དང་ཚོད་མ་སོགས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་རྐྱང་རྐྱང་གིས་གྲུབ་ཡོད་པ་དང་། སྒྲོག་ཙེ་གཅིག་གི་རིན་གོང་དེ་སྒོར་མོ་ལྔ་བརྒྱ་ལས་བརྒལ་མེད་ཟེར། དང་ཐོག་དབང་མོ་སྐྱིད་ཀྱི་ཨ་ཕ་ནོར་བུ་རྒྱལ་མཚན་གྱི་སེམས་སུ་བུ་མོར་གཉེན་རྟེན་སོགས་ཅི་ཡང་མེད་པར་གཉེན་སྒྲིག་བྱེད་པ་དེར་དེ་འདྲའི་བློ་བདེ་མོ་ཞིག་ཡོང་གི་མེད། ཡིན་ནའང་། དབང་མོ་སྐྱིད་ཀྱིས་བཤད་པའི་དུས་རབས་གསར་བར་གོམ་སྲོལ་གསར་བ་ཡིན་ཞིང་། ལྷག་པར་དུ་སྡེ་སྲོལ་དམངས་ཆིངས་ཀྱི་ནང་དུ་གཉེན་སྟོན་སྟབས་བདེ་བྱེད་དགོས་ཚུལ་བཏོན་ཡོད་པ་དང་། དེ་ནི་མི་མང་པོས་གྲོས་བསྡུར་བྱས་ནས་བཏོན་པ་ཡིན་པས་ཚང་མས་བརྩི་སྲུང་བྱེད་དགོས། དེ་ལྟར་བྱས་ཚེ་ཁྱིམ་མཚེས་མཐུན་སྒྲིལ་དང་འཆམ་མཐུན་མཛའ་གཅེས། སྤྱོད་བཟང་ལ་དགའ་བ། འཆམ་མཐུན་མཉམ་གནས་བཅས་ཀྱི་རྣམ་པ་སྔར་ལས་ཇེ་ཟབ་ཏུ་འགྲོ་ཐུབ་ཅེས་པ་དེས་ཁོའི་སེམས་ཁམས་ཅུང་བདེ་ལ་འབབ་ཐུབ་པ་བྱུང་།
དེ་དང་འདྲ་བར། ད་དུང་གཉེན་རྟེན་མེད་པར་གཉེན་སྒྲིག་བྱེད་མཁན་ལ་སྡེ་མི་ཀླུ་མོ་ཚེ་རིང་ཡང་ཡོད་པ་རེད། ཁོ་མོའི་ཁྱིམ་གྱི་ལོ་ལོན་རྣམས་ཀྱིས་བཤད་པ་ལྟར་ན། སྔོན་ཆད་སྡེ་བའི་ནང་དུ་བུ་མོ་ཞིག་གཉེན་སྒྲིག་བྱེད་པའི་ཚེ། རྒྱན་གོས་དང་མགུལ་རྒྱན་སོགས་ཕན་ཚུན་གཅིག་གིས་གཅིག་ལ་འགྲན་བསྡུར་བྱེད་ཀྱིན་ཡོད་པར་བཤད། ཀླུ་མོ་ཚེ་རིང་གིས་བཤད་རྒྱུར། སྤྱིར་བཏང་དུ་ང་ཚོའི་ས་ཆ་འདི་རུ་གཉེན་སྟོན་གྱི་སྐབས་སུ་གཟབ་མཆོར་ཅུང་ཆ་ཚང་ཞིག་སྤྲས་ཚེ་སྒོར་མོ་ཁྲི་བཞི་ལྷག་ཙམ་གྱི་འགྲོ་སོང་གཏང་དགོས་ཀྱི་ཡོད། དེ་ལྟར་གཉེན་སྟོན་རྒྱས་གཤོམ་བྱས་པས་ཁྱིམ་ཚང་མེད་པོ་གྱུར་མཁན་ཀྱང་ཡོད་པར་མ་ཟད། ད་དུང་སྡེ་མི་མང་པོ་ཞིག་དོམ་འོག་ཏུ་ཡང་ལྷུང་ཡོད་ཟེར།
སྤྱོད་ལམ་ལེགས་པོར་ཞུགས་དགོས་ན་སྔོན་ལ་སྲོལ་བཟང་དར་སྤེལ་བྱེད་དགོས། འདུ་ཤེས་ལ་འགྱུར་ལྡོག་དང་དར་སྲོལ་ཇེ་ལེགས་སུ་གཏང་ཆེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བ་ཡོངས་སུ་ཡུལ་སྲོལ་ཡ་རབས་ཀྱི་བྱེད་སྒོ་སྤེལ་ཞིང་། མནའ་མ་བསུ་ལེན་དང་འདས་མཆོད་སྒྲུབ་པ་སོགས་ཀྱི་གོམས་སྲོལ་ངན་པར་དམིགས་ནས། དམངས་ཀྱི་བསམ་འདུན་ལ་རྒྱ་ཁྱབ་ངང་ཉན་པ་དང་། དེ་མིན་སྡེ་བའི་ལས་བྱེད་པ་དང་སྡེ་བའི་ནང་དུ་སྙན་གྲགས་ཡོད་པའི་ཏང་ཡོན་རྒན་པ་དང་ལོ་ལོན་ཚོ་དང་མཉམ་དུ། སྡེ་སྲོལ་དམངས་ཆིངས་ལ་བཟོ་བཅོས་དང་ཁ་གསབ་བྱས་ཏེ་དར་སྲོལ་ངན་པ་གང་སར་མཆེད་པར་དུས་ཐོག་ཏུ་བཀག་འགོག་བྱས་པ་རེད།
གསར་འགོད་པས་སྡེ་སྲོལ་དམངས་ཆིངས་ལ་ལྟ་སྐབས། མནའ་མ་བསུ་ལེན་དང་འདས་མཆོད་སྒྲུབ་པའི་སྐོར་གྱི་གནས་ཚུལ་སོགས་དོན་ཚན་ལྔ་བའི་ནང་འཁོད་ཡོད་པ་དང་། དེ་མིན་སྡེ་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་དུས་ཆེན་སྐབས་སུ་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་དགོས་ལ་གསེར་དངུལ་གྱི་རྒྱན་ཆ་འདོགས་སྐབས། ཕོ་མོ་རྒན་གཞོན་སུ་ཞིག་ཡིན་ཀྱང་གསེར་དངུལ་ཁེ་ལྔ་ལས་བརྒལ་བ་འདོགས་མི་ཆོག་པ་དང་། བུད་མེད་ཚོས་བྱུ་རུའི་མགུལ་རྒྱན་འདོགས་དུས་ཕྲེང་བ་གཅིག་ལས་བརྒལ་མི་ཆོག་པ་གཏན་འབེབས་བྱས་འདུག
མནའ་མ་བསུ་ལེན་དང་འདས་མཆོད་སྒྲུབ་པ་ཙམ་མ་ཡིན་པར་རྒན་རབས་ལ་སྲི་ཞུ་བསྒྲུབ་རྒྱུ་དེའང་སྡེ་སྲོལ་དམངས་ཆིངས་ནང་གི་ནང་དོན་ཞིག་རེད།
རིག་བཟང་སྐྱིད་ནི་ཁ་སྒང་ཞོལ་མ་སྡེ་བའི་མནའ་མ་བཟང་མོ་ཞིག་ཡིན་པ་དང་། ཁོ་མོ་ནི་དུས་རྒྱུན་དུ་སྒྱུག་པོ་དང་སྒྱུག་མོར་སྲི་ཞུ་སྒྲུབ་མཁས་ཤིང་ཁྱོ་ག་དང་བུ་ཕྲུག་ལ་བྱམས་སྐྱོང་ཆེ་བ། ལས་ཀར་བྱང་ཆ་ལྡན་པའི་མནའ་མ་བཟང་མོ་ཞིག་རེད། རིག་བཟང་སྐྱིད་ཀྱི་མིང་གླེང་མ་ཐག་སྡེ་བ་དེ་རུ་བསྔགས་བརྗོད་ཀྱི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མི་འདུག
རིག་བཟང་སྐྱིད་ཉིན་རྒྱུན་ལྟར་ནམ་མ་ལངས་གོང་མལ་ལས་ལངས་ཏེ་ཞོགས་ཟས་ཡག་པོ་ལས་ནས་སྒྱུག་པོ་དང་སྒྱུག་མོར་ནངས་ཇ་བླུད་རྗེས་ཕྱི་རོལ་ཏུ་ཞིང་ལས་ལ་འགྲོ་དགོས་ཀྱི་ཡོད། ལས་མཚམས་གྲོལ་ནས་མཚན་མོ་ཁྱིམ་དུ་ལོག་རྗེས་རྒན་རྒོན་ཚོར་དགོང་ཟས་ལས་པ་དང་ཁོ་ཚོར་ཁ་བརྡ་བྱེད་རོགས་བྱེད་པ། ཁྱིམ་དུ་གཙང་སྦྲ་བྱེད་པ་དང་བུ་ཕྲུག་གཉོར་བ་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད། ལོ་མང་པོའི་རིང་ཁོ་མོས་བྱ་སྤྱོད་དངོས་ཀྱིས་དེ་ལྟར་སྲི་ཞུ་ལེགས་པོར་བསྒྲུབས་ནས་ཡོང་པ་དང་། 2023ལོར་ཁ་སྒང་སྡེ་བའི་མནའ་མ་བཟང་མོའི་དཔྱད་འདེམས་བྱ་འགུལ་ཁྲོད། རིག་བཟང་སྐྱིད་ལ་སྡེ་བ་དེ་ཡོངས་ནས་འདེམ་ཤོག་ཆེས་མང་པོ་ཐོབ་འདུག
ཁ་སྒང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསམ་འགྲུབ་རྒྱལ་གྱིས་བཤད་རྒྱུར། སྒྱུག་མོ་བཟང་པོ་དང་མནའ་མ་བཟང་མོ་སོགས་ཀྱི་དཔྱད་འདེམས་བྱ་འགུལ་སྤེལ་ནས། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཚང་མར་རང་རྟོགས་ངང་ཁྱིམ་སྲོལ་བཟང་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། སྲི་ཞུ་སྒྲུབ་སྟངས་དང་བབ་ཆགས་པའི་དམངས་སྲོལ་སྣ་ཚོགས་སྡེ་མི་རྣམས་ཀྱི་སེམས་སུ་འཇགས་པར་བྱས་ནས་ཀུན་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད་ཟེར།
སྡེ་སྲོལ་དམངས་ཆིངས་ཀྱིས་རིམ་བཞིན་སྡེ་སྲོལ་ཡ་རབས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། ཞིང་སྡེའི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ཁ་སྒང་ཞོལ་མ་སྡེ་བར་བྱེ་རླུང་གི་དབང་གིས་ས་ཞིང་བྱེ་འགྱུར་གྱི་ཚད་ཚབས་ཆེ་ཞིང་། གང་སར་ཁྱབ་པའི་བྱེ་མས་ས་སྡེ་མིའི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བར་ཉེན་ཁ་ཧ་ཅང་ཆེན་པོ་བཟོས། དེར་བརྟེན་སྡེ་བའི་ཏང་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བ་སྤེལ་མགོ་ཚུགས།
ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་པ་དང་། སྡེ་བ་ཡོངས་ཀྱི་ལོ་ཧྲིལ་པོའི་འོས་འགན་སྡོང་འཛུགས་ཀྱི་ཚད་དེ་སྡོང་ཕྲུག་སྟོང་གཅིག་དང་ལྔ་བརྒྱ་ལས་མི་ཉུང་བ་འཛུགས་དགོས་པ་སྡེ་སྲོལ་དམངས་ཆིངས་སུ་བཀོད་ཡོད། ད་ལྟ་སྡེ་བའི་བྱང་རིའི་ངོས་སུ་སྡོང་བོ་ཁྲི་གཉིས་ལྷག་བཙུགས་ཡོད་པ་དང་། ལོ་མང་པོའི་འབད་བརྩོན་བརྒྱུད་ད་ལྟ་གནས་དེར་ལྗང་མདོག་གི་རྣམ་པས་ཡོངས་སུ་ཁེངས་ཡོད་ཅེས་བསམ་འགྲུབ་རྒྱལ་གྱིས་བཤད།
སྡེ་སྲོལ་དམངས་ཆིངས་ལ་ཡུན་རིང་བའི་ལོ་རྒྱུས་ལྡན་ཞིང་། ཐོག་མར་ངག་ཐོག་ནས་བརྒྱུད་སྤེལ་བྱས་པ་ནས་ད་ལྟའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་པར་གཞི་ཡོད་པའི་བར་དུས་ཡུན་རིང་བོ་ཞིག་སོང་ཡོད། དུས་རབས་འཕེལ་རྒྱས་ཀྱི་གནས་བབ་མི་འདྲ་བར་གཞིགས་ནས་བཟོ་བཅོས་ཀྱང་ཐེངས་མང་བརྒྱབ་མྱོང་ཡོད། སྡེ་སྲོལ་དམངས་ཆིངས་ནི་ཚང་མས་གྲོས་བསྡུར་བྱེད་པ་དང་ཚང་མས་གཏན་འཁེལ་བྱེད་པ། ཚང་མས་བརྩི་སྲུང་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་གཏན་ལ་ཕབ་པ་ཞིག་ཡིན་ཞེས་བསམ་འགྲུབ་རྒྱལ་གྱིས་བཤད།
ཤེས་རྟོགས་བྱུང་བ་ལྟར་ན། གུང་ཧོ་རྫོང་གིས་གྲོང་གསེབ་ཀྱི་གོམས་སྲོལ་དཔལ་ཡོན་འཛུགས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། གཉེན་སྟོན་སོགས་སྟབས་བདེར་སྒྲུབ་པར་དམིགས་ནས་བྱ་བ་སྒྲུབ་པའི་བརྒྱུད་རིམ་སྔར་ལས་ཚད་ལྡན་དུ་བཏང་ཡོད། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱིས་སྡེ་སྲོལ་དམངས་ཆིངས་སྔར་ལས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། གོམས་སྲོལ་རྙིང་པ་བསྒྱུར་བའི་འབྲེལ་ཡོད་ནང་དོན་ཁ་གསབ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཀུན་སྤྱོད་དཔྱད་གླེང་ཚོགས་འདུ་དང་སྡེ་མིའི་བགྲོ་གླེང་ཚོགས་འདུ་སོགས་བསྡུས་པར་བརྟེན་ནས། སྡེ་མི་རྣམས་ཀྱིས་རང་གིས་རང་ལ་དོ་དམ་དང་རང་གིས་རང་ལ་གཅུན་འདོམས། རང་གིས་རང་ལ་ལྟ་སྐུལ། རང་གིས་རང་ཉིད་མཐོར་འདེགས་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
མིག་སྔའི་བར་གུང་ཧོ་རྫོང་གིས་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གཉིས་དང་། ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་བརྒྱད། ཁུལ་རིམ་པའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་རེ་ལྔ། རྫོང་རིམ་པའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་དོན་གཅིག་བཅས་སྐྱེད་སྲིང་དང་གསར་འཛུགས་བྱས་པ་དང་། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་གསར་གཏོད་ཚད51.2%ཟིན་ཡོད་པ་རེད།
ད་ལྟ་ཡ་རབས་དཔལ་ཡོན་གྱི་སྲོལ་བཟང་དེ་གུང་ཧོ་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་ས་གཞི་ཆེན་མོར་ཁྱབ་པས། ཡུལ་དེའི་མི་རྣམས་ལ་ཕུན་སུམ་ཚོགས་པའི་བསམ་པའི་སྟོབས་ཤུགས་དང་གསོ་བཅུད་མཁོ་འདོན་བྱས་ཡོད།
ཡིག་རྒྱུར་བ། གཡང་འབུམ་རྒྱལ།