སྤུས་ཚད་མཐོ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་བྱེད་དགོས།
2024.04.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཞིང་ཕྱུགས་ལས་ནི་མཚོ་སྔོན་གྱི་གྲོང་གསེབ་ཐོན་ལས་ཀྱི་གཞི་རྟེན་ལྟ་བུ་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་གཞི་རྟེན་གཙོ་བོ་ཞིག་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་དང་། ཐོན་ལས་དར་རྒྱས་ཡོང་བར་སྐུལ་འདེད་བྱེད་པ།  རོང་འབྲོག་མང་ཚོགས་ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་ཀྱི་གནད་འགག་ཡིན། 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་ལས་ཀྱི“གནས་བཞིའི”བརྗིད་ཆེའི་འཆར་གཞི་བཀོད་པ་དང་།  མཚོ་སྔོན་གྱིས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འདྲེན་གནས”གཏོད་པར་བླང་བྱ་གལ་ཆེན་བཏོན་ནས།  མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ།  འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་བྱས་ནས།   མཚོ་སྔོན་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ།  གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་འཁོར་རྒྱུག་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་པའི་ཡོང་འབབ་འཕར་ཐབས་ལ་ཤུགས་སྣོན་པ་སོགས་བཀོད་སྒྲིག་བྱས་ནས།  མ་འོངས་པའི་དུས་སྐབས་ཤིག་གི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད“ལམ་ཐིག་རི་མོ”ཞིག་བྲིས་ཡོད།

གཅིག  མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཙོ་བོ།

གྲོང་གསེབ་དར་སྤེལ་བྱེད་པའི་འཐབ་ཇུས་བཏོན་པ་དང་ལག་བསྟར་བྱས་པ་དང་མཉམ་དུ།    མཚོ་སྔོན་གྱི་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་ཞུགས་ནས།  ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་འདྲེན་ཡུལ་གྱི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བ་དང་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཁོར་ཡུག་མངོན་གསལ་ཀྱིས་ཇེ་ལེགས་སུ་སོང་ནས། ཞིང་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་གལ་ཆེན་བཏིངས་ཡོད། ཞིང་ཆེན་ཡོངས་ཀྱིས“ལྗོངས་གསུམ་རྒྱུད་གཅིག”གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་གཞི་འཛིན་སར་བྱས་ནས།  ས་ཁོངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་བ་དང་།  ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ།  དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་ཐོན་ལས། གཉེར་སྐྱོང་བཅས་ཀྱི་མ་ལག་ཅིག་རགས་ཙམ་བསྐྲུན་པ་དང་།  འཚོལ་ཞིབ་ཁྲོད་ཞིང་ཕྱུགས་ལས་ཀྱི་འཁོར་སྐྱོད་དང་སྤུས་རྟགས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་རྟགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱིས་མཐོ་སྒང་གི་ས་གཙང་དང་ལྗང་མདོག་སྐྱེ་ལྡན་གྱི་ཁྱད་ལྡན་ལེགས་ཆར་བརྟེན་ནས“ས་མཐོའི་བྱང་བུ”དང་། “སྐྱེ་ལྡན་བྱང་བུ” “ལྗང་མདོག་བྱང་བུ”བཅས་དམ་འཛིན་ནན་མོ་བྱས་ཏེ། སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་།  པེ་ཅིན་དང་ཧྲང་ཧེ།  ཀོང་ཏུང་སོགས་གྲོང་ཁྱེར་དུ་དྲིལ་སྒྲོག་བྱས་པ་དང་།  ས་གནས་ཀྱི་ཁྱད་ལྡན་སྤུས་རྟགས་གྲགས་ཅན་ཁག་ཅིག་སྐད་གྲགས་ཆོད་པར་བྱས། དུས་ཡུན་རིང་པོའི་ནང་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་ཐུང་ལ་ཐོན་ལས་མཉམ་འདྲེས་བྱེད་ཚད་དམའ་བ་སོགས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་ཆེད། མཚོ་སྔོན་གྱིས་སྲིད་ཇུས་དང་མ་དངུལ། ལག་རྩལ་སོགས་ཐད་ཀྱི་མ་དངུལ་གཏོང་སྟངས་གོ་རིམ་ལྡན་པའི་ངང་ཇེ་མང་དུ་བཏང་བ་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པས“ཁེ་ལས་དང་དང་རྟེན་གཞི། མཉམ་ལས་ཁང་།  རོང་འབྲོག་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་གྲུབ་པ་དང་།  “ཞིང་ལས་དང་རིག་གནས་ཡུལ་སྐོར”སོགས་ཐོན་ལས་ཀྱི་འཕྲེད་ཕྱོགས་མཉམ་འདྲེས་བྱེད་སྟངས་སྔར་ལས་འཐུས་ཚང་དུ་ཕྱིན་ནས།  ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད། མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ལ་དམ་པོར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟེགས་བུ་བཀོད་སྒྲིག་བྱས་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཚན་རྩལ་ལས་གཞི་སོ་སོ་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ལ།  ལག་རྩལ་སྟོབས་ཤུགས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་འདུས་ཚད་དང་ཚན་རྩལ་གསར་གཏོད་ནུས་པ་ཕན་འབྲས་ལྡན་པའི་སྒོ་ནས་མཐོར་འདེགས་བྱུང་།

གཉིས། ཞིང་ཕྱུགས་ལས་ཐོན་ལས་དར་རྒྱས་གཏོང་བར་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ།

མཚོ་སྔོན་ནི་ཞིང་ཕྱུགས་ཟུང་འབྲེལ་གྱི་ཞིང་ཆེན་ཞིག་ཡིན་པ་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པར་མ་ཟད། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཀྱང་ཡིན། 2024ལོའི་ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་ཚོགས་འདུའི་སྟེང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་གྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་སྤུས་ཚད་མཐོན་པོས་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་ཞན་ཆ་སེལ་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ་བཅས་བྱས་ཚེ་གཞི་ནས་ཕན་འབྲས་ཇེ་ཆེར་གཏོང་ཐུབ་པ་དང་།  རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང“ཞིང་གསུམ”འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་ངང་སེལ་ནས་རོང་འབྲོག་པས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་དགོས།

ཐོན་ལས་ཀྱི་གནས་སྟངས་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་དར་རྒྱས་གཏོང་བའི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་དེང་རབས་ཀྱི་གྲོང་གསེབ་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ནས། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་བསྐྲུན་དགོས་ཞེས་བསྟན་ཡོད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། ཚོང་རའི་དགོས་མཁོར་རྩེ་གཅིག་ཏུ་དམིགས་པ་དང་། རྫོང་ཁོངས་ཀྱི་གྲོང་གསེབ་ཐོན་ལས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། ཚོང་རའི་དགོས་མཁོ་དང་འཚམ་ཞིང་ཐོན་ཁུངས་ཀྱི་སྤུས་ཚད་དང་འཚམ་པའི་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཚུལ་འཆར་འགོད་དང་འཕེལ་རྒྱས་གཏོང་དགོས། གཅིག་ནས་ཐོན་ལས་ལ་བརྟེན་ནས་གྲོང་རྡལ་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་སོགས་གཞི་རྟེན་དུ་བྱས་ཏེ།  ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཐོན་ལས་ཁག་ཅིག་བསྐྲུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དེ་སྤུས་ཚད་གཅིག་མཚུངས་ཅན་དུ་འགྱུར་བའི་གནད་དོན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས། ཕྱི་ཕྱོགས་སུ་ལས་ཀ་བྱེད་མཁན་དང་རྒན་རྒོན་ཚོགས་སྤྱི་སོགས་ཞིང་ཁྱིམ་གྱིས་བེད་མེད་ཐོན་ཁུངས་རྒྱུ་ནོར་བོགས་གཏོང་དང་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། ཁྱད་ལྡན་དམངས་སྡོད་དང་སྐྱེ་ཁམས་ལྟ་སྐོར་ཞིང་ལས་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་དགོས། གཉིས་ནས་གྲོང་གསེབ་ཀྱི་ཐོན་དབང་སྐུལ་སློང་བྱེད་ཐབས་འཚོལ་ཞིབ་བྱས་ནས་གྲོང་གསེབ་ཀྱི་ས་ཞིང་བསྡུ་སྤྱོད་ཀྱི་ཁ་གསབ་གྲོན་དངུལ་དང་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་གཞི་ཁྱོན་ཅན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཞིང་པས་ཁྲིམས་ལྟར་འགན་གཙང་གཞན་སྤྲོད་དང་།  ནང་བཤུག  མ་རྐང་འཇོག་པ། མཉམ་ལས་སོགས་ཀྱི་བྱེད་ཐབས་སྤྱད་ནས“ཐུམ་བརྒྱབ་ནས་ཡུག་གཅིག་ཏུ་འབྲེལ་བའི”འཁོར་རྒྱུག་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ།  སྡེ་བ་ཧྲིལ་པོར་ཐོན་ལས་གཞི་ཁྱོན་ཅན་མངོན་འགྱུར་ཡོང་བ་བྱེད་དགོས། གསུམ་ནི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས་ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་དེ་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་སྤྱོད་རྒྱུའི་བསྡུར་ཚད་ཇེ་མཐོར་གཏོང་རྒྱུ་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་དང་། གསར་དར་ཞབས་ཞུའི་ལས་རིགས་སོགས་ཐོན་ལས་གཉིས་པ་དང་གསུམ་པའི་གཞན་སྒྱུར་རོགས་སྐྱོར་བྱེད་རྒྱ་ཇེ་ཆེར་གཏོང་རྒྱུ། ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། ཕྱིར་འཚོང་དང་ཞིབ་འཇུག་གསར་སྤེལ་གྱི་བྱ་དགའི་མ་དངུལ་མང་དུ་གཏོང་རྒྱུ་བཅས་རྨང་གཞིའི་ནུས་པ་ཆེ་ཞིང་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་བྱེད་ནུས་མངོན་གསལ་ཡིན་པའི་ཁེ་ལས་ལ་ཕྱོགས་རྒྱུ་བཅས་ཡིན། བཞི་ནས་ཞིང་སྡེའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་དངུལ་རྩའི་སྒྲིག་གཞི་ཁག་གཞི་རིམ་དུ་སྣུར་བསྲིང་བྱེད་པར་སྐུལ་མ་གཏོང་བ་དང་དངུལ་རྩའི་ཞིང་སྐྱོར་ཞབས་ཞུའི་མནའ་འབྲེལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཁེ་ལས་དང་ཞིང་ཁྱིམ་གྱི་དགོས་མཁོ་དངོས་ལ་གཞིགས་ནས་རིམ་པ་མང་བ་དང་འགན་ལེན་ཆུ་ཚད་མི་འདྲ་བའི་ཞིང་ལས་འགན་བཅོལ་ཐོན་རྫས་ཇུས་འགོད་གསར་སྤེལ་བྱས་ནས་ཞིང་ལས་ཀྱི་ཉེན་ཁ་འགོག་ནུས་ཇེ་ཆེར་གཏོང་དགོས།

ཞིང་ལས་ཐོན་ལས་ཀྱི་རིན་ཐང་ཕྲེང་འབྲེལ་སྣུར་སྲིང་བྱས་ནས། “སྤུས་རྟགས་དཔལ་འབྱོར”སྒྲུབ་ཤུགས་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཞིང་སྡེའི་ཁྱད་ལྡན་སྤུས་རྟགས་གཏོད་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།   མཚོ་སྔོན་གྱིས་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་སྤུས་རྟགས་གཏོད་ནས“གཅིག་རྗེས་གཉིས་མཐུད”དམིགས་འབེན་དུ་བྱས་ཏེ།  ཞིང་ལས་བཟོ་ལས་ཅན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ལས་ཐོན་ལས་ཅན་མངོན་འགྱུར་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་སྣེ་ཁྲིད་བཅས་བྱེད་དགོས། གཅིག་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་འབྲེལ་ཐག་རིང་དུ་གཏོང་རྒྱུ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ངོ་བོ་གཅིག་ལ་གཞི་ཁྱོན་ཆུང་བའི་མཉམ་ལས་ཁང་གིས་མ་རྐང་ནང་ཞུགས་པ་དང་ཟླ་སྒྲིལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལྟེ་བའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོ་དང་བསྟུན་པ་དང་། མང་ཚོགས་ཀྱི་འཛད་སྤྱོད་རིམ་སྤོར་ལ་དམ་པོར་དམིགས་པ། ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བཅས་བྱས་ནས་ཞིང་ལས་ཐོན་རྫས་ལ་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་ཚགས་བྱེད་དགོས། ཁེ་ཕན་འབྲེལ་མཐུད་དང་མཉམ་སྤྱོད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་གཙོ་གཟུགས་ཀྱི་གཉེར་སྐྱོང་ཉེན་ཁ་ཇེ་ཆུང་དུ་གཏོང་བ། ཞིང་པར་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཁེ་འབབ་སྔར་ལས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་པ་བཅས་བྱས་ནས།  ཞིང་ཁྱིམ་ཆུང་གྲས་དང་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་དམ་ཚགས་ཡོང་བར་བྱེད་དགོས། གཉིས་ནས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་མ་ལག་གི་ཚད་གཞི་ཅན་དེ་ཚད་ལྡན་དུ་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་སྐམས་ཤ་དང་ལུག་ཤ   འཕང་འབྲས་སོགས་ཞིང་ཕྱུགས་ཁྱབ་གདལ་ཐོན་རྫས་གཙོ་བོར་དམིགས་ཏེ་སྤུས་ཚད་རིམ་པ་དབྱེ་བ་དང་གསོག་ཉར་བྱེད་པ།  ཐུམ་སྒྲིལ་སྡེབ་སྐྱེལ་སོགས་འཁོར་རྒྱུག་རིམ་པའི་ཚད་གཞི་ཚད་ལྡན་འཐུས་ཚང་དུ་བཏང་ནས།  ཞིང་ལས་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་བཏང་སྟེ་ཆུ་ཚད་དམའ་བའི“སྤུས་མཐུན་འགྲན་རྩོད”ལས་གཡོལ་དགོས།     གསུམ་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ས་ཁོངས་དང་རིགས་དབྱེ་ནས་ཁྱད་ཆོས་ལྡན་པའི་ལྟེ་བའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁག་ཅིག་བཏོད་དེ།  ཐོབ་ཐང་ཡོད་པ་དང་ཐོན་འབབ་ཡོད་པ། གཞི་ཁྱོན་ལྡན་པ་བཅས་ཀྱི་ཁེ་ལས་ཞུགས་པར་ཁྲིད་སྟོན་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་སྐྲུན་གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་རིན་ཐང་ཇེ་མཐོར་གཏོང་རྒྱུ།   ཞིང་ལས་ཀྱི་ཚོང་རྟགས་གྲགས་ཅན་གཉེར་འཚོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཤུགས་རྐྱེན་ཅུང་ཆེ་བའི་མཐུན་ཚོགས་དང་མནའ་འབྲེལ་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཐོན་ལས་གོང་སྤེལ་གྱི་དྲིལ་སྒྲོག་བྱེད་གནས་རྒྱ་བསྐྱེད་པ་དང་། གཉེར་འཚོང་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཁྱད་པར་ཅན་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བཅས་བྱས་ཏེ།  ཚོང་རྟགས་གྲགས་ཅན་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས།

གྲངས་འཛིན་དཔལ་འབྱོར་ལ་བརྟེན་ནས་ཞིང་ལས་ཐོན་ལས་དེང་རབས་ཅན་དུ་འགྱུར་བར་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་ཡོད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་བསྟུན་ནས་གྲངས་འཛིན་དཔལ་འབྱོར་དེ་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་སུ་སིམ་བཞིན་ཡོད་པས། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འདྲེན་ས་འཛུགས་སྐྲུན་ཐད་གྲངས་གཞིའི་དཔལ་འབྱོར་གྱིས་མཁོ་འདོན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ།  གྲངས་གཞིའི་དཔལ་འབྱོར་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་བར་བྱེད་དགོས། ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཟོ་འགོད་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་དྲ་རྒྱའི་བྲིན་ཚོང་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད། མཚོ་སྔོན་གྱིས་ཡིག་ཆའི་དགོངས་དོན་གྱི་རྗེས་སུ་བསྙེགས་དགོས་པ་སྟེ།  གཅིག་ནི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་དྲ་ཐོག་ཚོང་དོན་གཙོ་གཟུགས་སྐྱེད་སྲིང་བྱེད་པ། དྲ་ཐོག་ཚོང་དོན་སིམ་འཛུལ་བྱེད་ཚད་ཇེ་མཐོར་གཏོང་བ། འགྲན་རྩོད་ནུས་པ་ཅུང་ཆེན་པོ་ལྡན་པའི་དྲ་ཐོག་ཚོང་དོན་གཉེར་སྐྱོངMCNཀུང་སི་སྐྱེད་སྲིང་བྱེད་པ་བཅས་བྱས་ནས།   ཁེ་ལས་ཀྱི་ལས་སྒོ་སྤེལ་རྒྱུར་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་ཞིང་ལས་ཐོན་རྫས་ཀྱི་དྲ་སྦྲེལ་ཕྱིར་ཚོང་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་དང་གཉེར་སྐྱོང་ཞབས་ཞུའི་མ་ལག  འདེགས་སྐྱོར་འགན་ལེན་མ་ལག་བཅས་འཐུས་ཚང་དུ་བཏང་ནས།  ཐོན་སྐྱེད་འཁོར་རྒྱུག་གི་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ།  ཞིང་ལས་ཐོན་རྫས་ཕྱིར་ཚོང་ཤར་གཏོང་མི་ཐུབ་པ་དང་ཆ་འཕྲིན་དོ་མཉམ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།   གསུམ་ནི“དྲ་སྦྲེལ”རིག་ནུས་ཞིང་ཕྱུགས་ལས་ཀྱི་གྲངས་གཞི་ཆེན་མོའི་སྟེགས་བུར་བརྟེན་ནས།  ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་གཙོ་བོའི་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་གྲངས་གཞིའི་མཛོད་བསྐྲུན་ནས།  ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་གནས་བབ་ཇེ་མཐོར་བཏང་སྟེ་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་ཀྱི་གོ་ཆོད་དུས་ཚོད་འགན་ལེན་བྱེད་དགོས། བཞི་ནས་ཞིང་ཕྱུགས་ཐོན་རྫས་ཟོག་འགྲེམས་ཀྱི་ལྟེ་བའི་ཁེ་ལས་སྐྱེད་སྲིང་བྱས་ཏེ།  ཟོག་འགྲེམས་སྡེབ་སྐྱེལ་གྱི་མ་གནས་དམའ་རུ་བཏང་ནས་ཞིང་ཕྱུགས་ཐོན་རྫས་འཁྱགས་འབྲེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་བཏང་སྟེ།  ཐོན་སྐྱེད་དང་ལས་སྣོན།  ཐོན་རྫས་དང་ཁྲོམ་ར། ཁེ་ལས་དང་ཞིང་ཁྱིམ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། ལྔ་ནས་རོང་འབྲོག་པའི་དྲ་ཐོག་ཚོང་དོན་ནང་ཞུགས་པའི་འདུ་ཤེས་དང་ནུས་པ་ཇེ་ཆེར་བཏང་ནས།  ཁེ་ལས་ཀྱིས“ཐད་གཏོང་ཟོག་ཁྲིད”ཀྱི་མཚོ་སྔོན་གྱི་ཆེད་དོན་བྱེད་སྟངས་མཉམ་འབྲེལ་གྱིས་སྤེལ་བ་དང་། དྲ་ཐོག་ཐད་གཏོང་དང་བརྙན་ཐུང་ཟུང་འབྲེལ་བྱེད་པ། དྲ་ཐོག་དང་དངོས་ཚན་ཚོང་ཁང་དང་འགྲེམས་ཚོགས་ཟུང་འབྲེལ་བྱེད་པ། ཚོགས་པར་ཞུགས་པའི་བྱེད་ཐབས་བརྒྱུད་ནས་དྲིལ་སྒྲོག་གི་མ་གནས་ཇེ་ཆུང་དུ་གཏོང་བ་བཅས་བྱས་ཏེ།  ཐབས་ལམ་མང་བ་དང་ཁྱོན་ཡོངས་ནས་ཐོན་རྫས་མང་པོ“ཕྱིར་བསྐྱོད་པར”སྐུལ་འདེད་གཏོང་དགོས།

ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལྟེ་བའི་འགྲན་རྩོད་བྱེད་ནུས་ཇེ་ཆེར་གཏོང་དགོས། གྲོང་གསེབ་དར་སྤེལ་བྱེད་དགོས་ན་ཤེས་ལྡན་མི་སྣ་ནི་གནད་འགག་ཡིན། ཤེས་ལྡན་མི་སྣའི་རིམ་པ་ནི་ཐོན་ལས་ཀྱི་མཐོ་ཚད་ལ་རག་ལས་པ་དང་། སློབ་གསོ་ཐོབ་པའི་ཆུ་ཚད་ཇི་ཙམ་མཐོ་ན་སྡོད་དམངས་ཀྱི་ཡོང་འབབ་དང་ཐོན་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་དེ་ལས་ཆེ་བ་ཐེབས་བཞིན་ཡོད། གཅིག་ནས་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་ཞིང་ལས་ཐོན་སྐྱེད་དང་ཐོན་ལས་འཕེལ་རྒྱས། ཞིང་ལས་ཚན་རྩལ་སོགས་ཁྱབ་ཁོངས་ལ་དམིགས་ནས་རིགས་སོ་སོའི་གསོ་སྐྱོང་འཆར་གཞི་ཇུས་འགོད་དང་། གསོ་སྦྱོང་གི་ནང་དོན་ཇེ་ལེགས་སུ་བཏང་སྟེ་ནུས་ཤུགས་གང་ཡོད་བཏོན་ནས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་དགོས། ཤེས་བྱའི་རང་བཞིན་དང་རྩལ་ནུས་རྣམ་པ། གསར་གཏོད་རང་བཞིན་བཅས་ལྡན་པའི་གྲོང་གསེབ་ཀྱི་ཐོན་ལས་གཉེར་སྐྱོང་དོ་དམ་དཔུང་ཁག་མྱུར་དུ་འཛུགས་སྐྱོང་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། གཉིས་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་ནས་གཙོ་གནད་ཤེས་ལྡན་མི་སྣའི་བཟོ་འགོད་དེ་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་སུ་ཕྱོགས་པར་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ།   ཞིང་ཕྱུགས་ཐོན་ལས་ལ་ཞིབ་འཇུག་གསར་སྤེལ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས།   གསུམ་ནས་ཐོན་རྫས་འཁོར་རྒྱུག་གི་དགོས་མཁོར་དམིགས་ཏེ་ཁེ་ལས་རྣམས་ཞིང་ཕྱུགས་ལས་ཀྱི་དྲ་ཐོག་ཚོང་དོན་གྱི་གཙོ་གཟུགས་སུ་འགྱུར་བར་སྐུལ་མ་བཏང་ནས་རང་ཉིད་ཀྱི“ཞིང་སྡེའི་དྲ་གྲག”སོགས་གྲངས་གཞིའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས། ས་གནས་ཀྱི་ཤེས་ལྡན་པ་ཁག་ཅིག་གསོ་སྐྱོང་དང་ཕྱིར་ཕ་ཡུལ་དུ་ལོག་མཁན་ཤེས་ལྡན་པ་ཁག་ཅིག་བསྡུ་ལེན་དང་།   གཞི་རིམ་དུ་བསྐྱོད་མཁན་ཤེས་ལྡན་པ་ཁག་ཅིག་ནང་འདྲེན་བཅས་བྱས་པ་བརྒྱུད་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཤེས་ལྡན་པ་གསོག་འཇོག་བྱེད་རྒྱ་ཇེ་ཆེར་གཏོང་དགོས།

ཡིག་སྒྱུར་པ།  གཡང་འབུམ་རྒྱལ།