དམངས་དོན་སྤྱི་བོར་བླངས་ནས་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་དཀའ་ངལ་དུས་ལྟར་ཐག་གཅོད་བྱས།
2024.04.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མ་སྡོད་ཁུལ་གྱིས2024ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་བྱས་ཏེ། སློབ་སྦྱོང་གཅིག་དང་སྐུལ་འདེད་གསུམ་གྱི་ལས་ཀའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཞིང་། ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་བསམ་བློའི་འདུ་ཤེས་བསྒྱུར་བ་དང་། ལས་ཀའི་སྤྱོད་ཚུལ་བཅོས་སྒྱུར། དོན་དངོས་ལག་ལེན་དོན་འཁྱོལ་བཅས་བྱས་ནས། སྡོད་ཁུལ་ཡོངས་སུ་ཞིང་གསུམ་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གསར་བ་དྲིལ་བསྒྲགས་བྱས་པ་མ་ཟད། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་ནན་མོར་སྒྲུབ་པར་ཞིང་གསུམ་ལས་དོན་གྱི་གཙོ་གནད་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། འབའ་ཐང་བྱང་མ་སྡོད་ཁུལ་གྱིས་སྡོད་ཁུལ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བླང་བྱ་གཞིར་བཟུང་ནས། འབྲོག་པ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དོ་ཁུར་བྱེད་པ་བཅས་ཀྱི་གནད་དོན་དག་དུས་ལྟར་ཐག་གཅོད་བྱས།

ཉེ་ལམ། འབའ་ཐང་བྱང་མ་སྡོད་ཁུལ་གྱི་ཁྱིམ་ཚང་སྐོར་ཞིག་ལ་འཐུང་ཆུ་མེད་པའི་དཀའ་ངལ་བྱུང་ཡོད་པའི་གནས་ཚུལ་ཐོས་མ་ཐག འབའ་ཐང་བྱང་མ་སྡོད་ཁུལ་གྱི་ལས་བཟོ་བ་རྣམས་ཡུལ་དངོས་སུ་སོང་ནས་གནས་ཚུལ་ལ་རྩད་ཞིབ་ཟབ་མོ་བྱས་ཏེ། འཐུང་ཆུ་མཁོ་འདོན་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོར་བརྟག་དཔྱད་བྱས། འབའ་ཐང་དུ་སྡོད་པའི་འབྲོག་པ་ཚོའི་རྩྭ་ས་ཁོད་ཡངས་ཤིང་འབྲོག་ཁྱིམ་ཚང་མ་ཁ་ཐོར་ཡིན་པ་དང་། འཐུང་ཆུ་དཀོན་པ་ནི་སྔ་མོ་ནས་ཡོད་པའི་གནད་དོན་ཞིག་ཡིན་ལ། གོང་རིམ་སྲིད་གཞུང་གིས་སྦུག་ཆུ་འཐེན་ནས་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཟིན་ནའང་། ལོ་མང་པོ་འགོར་བ་དང་ཕྱུགས་ཟོག་ཇེ་མང་དུ་སོང་བས་དུས་རྒྱུན་འཐུང་ཆུ་མི་འདང་བའི་གནད་དོན་འབྱུང་བཞིན་འདུག ཐེངས་འདིར་ཡང་གཙོ་བོ་སྦུག་ཆུ་འཁོར་སྐྱོད་ཀྱི་འགག་སྒོར་ཆག་སྐྱོན་བྱུང་བ་མ་ཟད། སྦུག་ཆུ་གསོག་པའི་རྫིང་གཞོངས་འགག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་།

འཐུང་ཆུའི་གནད་དོན་ཐག་གཅོད་པར། འབའ་ཐང་བྱང་མ་སྡོད་ཁུལ་གྱིས་རྫོང་ཞིང་ཕྱུགས་ཆུ་བེད་ཅུའུ་ལ་འབྲེལ་བ་བྱས་ཤིང་། འབད་འབུངས་ཧུར་ཐག་བྱས་ཏེ་སྐྱོན་ཤོར་བའི་སྦུག་ཆུ་ཞིག་གསོ་བྱས་པ་མ་ཟད། སྡོད་ཁུལ་གྱི་ལས་བཟོ་བས་སྣེ་ཁྲིད་དེ་སྡོད་དམངས་རྣམས་ལ་སྐུལ་མ་བྱས་ནས་སྦུག་ཆུ་གསོག་པའི་རྫིང་གཞོངས་ནང་གི་བྱེ་འདམ་ལེན་པ་སོགས་ཀྱི་གཙང་སེལ་བྱ་བ་བསྒྲུབས་ཏེ། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་འོས་འཚམ་བྱས།

ཐེངས་འདིའི་འཐུང་ཆུ་ཐག་གཅོད་བྱ་བར་སྡོད་ཁུལ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད། འོན་ཀྱང་སྡོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྔར་བཞིན་མི་འདང་བའི་ཆ་མང་པོ་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་དམིགས་ཚད་དང་བསྡུར་ན་ད་དུང་གནད་དོན་འགའ་ཤས་ཡོད། གོམ་སྟབས་རྗེས་མར་འབའ་ཐང་བྱང་མ་སྡོད་ཁུལ་གྱིས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསམ་བློའི་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་གཅིག་དང་སྐུལ་འདེད་གསུམ་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས་ཡིག་ཆའི་དགོངས་དོན་དེ་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། སྡོད་ཁུལ་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདོད་ལ་དོ་ཁུར་བྱེད་པ་དང་། ཁོ་ཚོར་སྔར་ལས་བཟང་བའི་མཛེས་སྡུག་གི་འཚོ་བའི་ཁོར་ཡུག་བསྐྲུན་པ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་འབད་པ་བྱེད་པ།  ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ། འབའ་ཐང་བྱང་མ་སྡོད་ཁུལ་གྱི་འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་ཕུལ་ནས་དུས་རབས་གསར་པའི་ཞིང་གསུམ་ལས་དོན་གྱི་ལེའུ་གསར་པ་བསྐྲུན་པར་མཉམ་དུ་འབད་བརྩོན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།