གུས་སྐྲག་སེམས་སུ་འཆང་། བློ་སེམས་དཀར་པོ་སྲུང་།
2024.04.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། རིག་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པ”ཡི་བླང་བྱ་ལག་བསྟར་ནན་མོ་བྱེད་པའི་སྐོར་གླེང་བ།

གུས་སྐྲག་ནི་རང་གཅུན་གྱི་སྒོ་ནས་ནང་བསམ་པའི་སྐྱོན་བརྟག་པ་དེ་ཡིན། གུས་སྐྲག་ཡོད་ན་ད་གཟོད་གནས་ལུགས་རྟོགས་ཤིང་སྒྲིག་སྲོལ་སྲུང་ལ། ནན་ནན་ཏིག་ཏིག་གིས་ལས་དོན་སྒྲུབ་པ་དང་གསལ་གསལ་དག་དག་གིས་གཤིས་སྤྱོད་སྐྱོང་དགོས།ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ལམ་ཐག་ཅི་ཙམ་རིང་པོར་བསྐྱོད་ནའང་། དུས་ནམ་ཡང་གུས་སྐྲག་ཡོད་དགོས་ལ།  དུས་དང་རྣམ་པ་ཀུན་ཏུ་སེམས་ཆུང་གཟབ་ནན་གྱི་བསམ་པ་རྒྱུན་འཁྱོངས་དང་། ཚད་ཤིང་མ་བོར་བར་རང་སྐྱོན་རང་གིས་བརྟག་དགོས་ཤིང་། རང་ཚུགས་ཀྱི་རྩ་བ་བརྟན་པོར་བསྲུངས་ནས་དཔོན་གནས་ཀྱི་མཐའ་ཚད་དམ་པོར་བསྲུང་དགོས།

ཀྲུང་གོ་པར“གནམ་རྒན་མས་ཐུར་ལ་གཟིགས་ནས་ཡོད”ཅེས་པའི་ཁ་དཔེ་ཞིག་ཡོད། གུང་ཁྲན་ཏང་ཡོན་གྱི“གནམ་རྒན་མ”ནི་དད་མོས་ལ་བཅངས་པའི་གུས་སྐྲག་དང་རྩ་འཛུགས་ལ་བཅངས་པའི་གུས་སྐྲག མང་ཚོགས་ལ་བཅངས་པའི་གུས་སྐྲག་བཅས་རེད། གལ་སྲིད་གུས་སྐྲག་མེད་ཚེ་མི་ཚེའི་ལམ་དུ་ཁ་ཕྱོགས་བོར་འགྲོ་བ་དང་། “བསམ་བློའི་སྲུང་ཐིག”ཤོར་འགྲོ་ལ། “བསམ་པའི་འགོག་རགས”ཞིག་པར་འགྱུར་ཞིང་། མཇུག་མཐར་ལམ་གོལ་དུ་སོང་སྟེ་རང་ཚོད་མི་ཟིན་པར་འགྱུར་བ་རེད།  མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་མོས་དང་ཏང་ལ་བཟུང་བའི་བློ་དཀར་གྱི་བསམ་པ་ཇེ་བརྟན་དུ་གཏོང་བ་ལ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་སྲུང་དང་། ཆབ་སྲིད་ཀྱི་རང་མདངས་ཡུན་རིང་སྲུང་དགོས། མི་སྒེར་དང་རྩ་འཛུགས་ཀྱི་འབྲེལ་བ་ཇེ་ལེགས་སུ་བཏང་ནས། ཏང་རྩ་འཛུགས་ཀྱི་ངག་ལ་ཉན་པ་དང་། གོང་རིམ་གྱི་གྲོས་ཆོད་བཀོད་སྒྲིག་གི་སྒྲིག་ལམ་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱེད་ཅིང་། རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ལག་བསྟར་གཟབ་ནན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་དང་མཉམ་དུ་བློ་མཐུན་ཕྱོགས་མཐུན་དང་གོམ་པ་མཉམ་འགྲོས་བྱེད་དགོས། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཞབས་ཞུའི་ནུས་པ་མཐོར་འདེགས་བྱེད་ཅིང་། གོ་གནས་གང་ཞིག་བཟུང་ན། དེ་ཡི་སྲིད་དོན་སྒྲུབ་དགོས་པ་དང་རང་གི་འགན་འཁྲི་རང་གིས་ཁུར་ཏེ། ཧུར་ཐག་གིས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་ཐག་གཅོད་པ་དང་། བརྩེ་སེམས་ཟོལ་མེད་ཀྱིས་མང་ཚོགས་ལ་སློབ་གསོ་དང་སྨན་བཅོས། སྡོད་ཁང་སོགས་ཐད་ཀྱི་གནད་དོན་སེལ་རོགས་བྱེད་དགོས་ལ། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་འཐོབ་པར་བྱེད་དགོས།

སེམས་སུ་གུས་སྐྲག་ཡོད་ན་ད་གཟོད་ཚིག་ལ་ཚོད་ཟིན་ཞིང་སྤྱོད་པ་བག་དང་ལྡན། ཏང་ཡོན་ལས་བྱེད་པས་རང་གཅེས་དང་རང་བརྟག རང་ཟོན་བཅས་བྱས་ཏེ། སྒྲིལ་ལམ་དང་སྒྲིག་སྲོལ་རྟོགས་པར་བྱེད་པ་དང་། མི་ལ་བསྟུན་ཚུལ་དང་ལས་དོན་སྒྲུབ་ལུགས་ཀྱི་མཐའ་ཚད་གསལ་པོར་ངེས་པ། སྒྲིག་འགལ་ལུགས་འགལ་གྱི་མཇུག་འབྲས་གསལ་ཐག་ཆོད་པ་བཅས་བྱས་ན། ད་གཟོད་ངེས་དོན་གྱིས་ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གུས་སྐྲག་གི་བསམ་པ་ཆགས་ཐུབ་ཅིང་། རང་རྟོགས་སྒོས་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དེ་ནང་བསམ་པའི་ཟོལ་མེད་ཀྱི་དད་མོས་དང་ཀུན་སྤྱོད་ཀྱི་ཚད་ཤིང་དུ་བཟུང་ནས། ཕུགས་རྒྱང་རིང་ཞིང་བྱས་རྗེས་རླབས་ཆེན་འཇོག་ཐུབ།  ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ།  རིན་ཐང་ལྟ་བ་བཅས་ལེགས་པོར་བཙུགས་ནས་དེ་ཉིད་བསྲུང་བ་ལ། རང་ཚུགས་དང་རང་བཞིན་དྲང་པོར་འཛིན་སྤོབས་ཤིང་། རྒྱུན་པར་སྲིད་སྐྱོང་ལུགས་ཐད་ཀྱི་སྤྱོད་བཟང་སློབ་པ་དང་། རྟག་ཏུ་འདོད་རྔམ་གྱི་གནོད་འཚེ་ཡིད་ལ་བསམ་པ། ནམ་རྒྱུན་རང་གཅུན་གྱི་བསམ་པ་འཆང་བ་བཅས་ཀྱི་སྒོ་ནས། ཆབ་སྲིད་ཀྱི་རྩིས་དང་དཔལ་འབྱོར་གྱི་རྩིས། མཚན་སྙན་གྱི་རྩིས། འདང་བརྩེ་ཡི་རྩིས། རང་དབང་གི་རྩིས་སོགས་ཞིབ་མོར་དེད་ནས། “སེམས་ཆུང་གཟབ་ནན”ལ་བརྟེན་ནས།  དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་ཚོད་ཟིན་ཞིང་ཆུང་བརྟེན་ཆེ་རྟོགས་དང་སྔ་འཇོམས་སྔོན་འགོག་བྱེད་པ་དང་། གུས་སྐྲག་གི་བསམ་པས་མི་ལ་བསྟུན་ཚུལ་དང་ལས་དོན་སྒྲུབ་ལུགས་ལེགས་པོར་སྲུང་ཞིང་། སྲིད་གཙང་རང་གཅུན་རྒྱུན་འཁྱོངས་བྱས་ནས། གཟབ་ནན་གྱིས་ལས་འགན་ནན་བསྟར་བྱེད་པ་དང་།  དབང་ཆ་སྤྱོད་པ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དང་མི་དམངས་ལ་ཕན་པའི་སྟེང་ལས་མི་ཡོ་བར་ཁག་ཐེག་བྱེད་དགོས།

ཡ་རབས་མི་ཡི་བློ་ལ། རྟག་ཏུ་གུས་སྐྲག་ལྡན་ཡོད། མི་ལ་སྐྲག་ས་ཡོད་ན། ཁྱིམ་དེ་འཆམ་ཞིང་མཐུན། དཔོན་ལ་སྐྲག་ས་ཡོད་ན། སྲིད་དེ་དར་ཞིང་རྒྱས། སྤྱོད་ལ་སྐྲག་ས་ཡོད་ན། ལས་དེ་ལེགས་པར་འགྲུབ། གུས་སྐྲག་ནི་མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་རྣམ་འགྱུར་ཞིག་ཀྱང་ཡིན། གུས་སྐྲག་ལྡན་པས་རྒྱ་ཡན་མི་ཐོངས་ཚུལ་ལ་ངང་གིས་གནས། གུས་སྐྲག་མེད་པའི་གང་བྱུང་ལས་ལ་དགོས་མེད་ཆག་སྒོ་མགོ་ལ་ལྷུང་། གུང་ཁྲན་ཏང་མིས་བསམ་པ་འབངས་ཡིན་ལ། སྲུང་བ་ནི་བདེན་དོན་ཡིན། འཚོལ་བ་ནི་གཞན་དོན་ཡིན་པས། ངེས་པར་དུ་ཏང་གཤིས་ཞུན་བརྡར་ཇེ་དྲག་ཏུ་གཏོང་བ་དང་བསམ་པའི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། རང་གཅུན་ནན་མོ་བྱེད་པ་དང་། གཅིག་པུར་སྡོད་སྐབས་རང་སྐྱོན་བརྟག་པར་བྱེད་ལ། ཀུན་སྤྱོད་གཙིགས་སུ་བཟུང་ནས་རང་གཅེས་སྒོས། དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་ཅིང་བརྩེ་བ་དམངས་ལ་བཅངས་པ་དང་ཁེ་ཕན་དམངས་ཀྱི་ཆེད་དུ་བརྩོན་པར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།