སྔོ་ཚོད་བཏབ་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
2024.04.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

དཔྱིད་ཀར་ཆར་བ་བབ་རྗེས་འཁྱགས་སིབ་སིབ་ཀྱི་སྣང་བ་ཞིག་སྦྱིན་ཡོང་རུང་། རྨ་ཆུའི་འགྲམ་ངོགས་གཉིས་སུ་སྔོ་ལྗང་གི་ཁ་དོག་ཅིག་བསྩལ་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མཁར་ནས་ལམ་ལ་ཆས་ཏེ། ཧི་ཞིས་གྲོང་རྡལ་གྱི་རྒྱ་རོ་སོག་པོ་སྡེ་བའི་སྔོ་ཚོད་ལྡུམ་རར་བསྐྱོད་པའི་ལམ་བར་དུ། ངོས་སྙོམས་ལ་ཁོད་ཡངས་པའི་བགྲོད་ལམ་གྱི་འགྲམ་ངོགས་གཉིས་སུ་ལྗོན་ཤིང་སྟར་ཕྲེང་བསྒྲིགས་པ་དང་། གྱང་ལ་དཀར་རྩི་བྱུགས་ཤིང་ཁང་ཀླད་སོ་ཕག་དམར་པོས་བཀབ་པའི་ཞིང་ཁྱིམ་རེ་རེ་བཞིན་རྒྱབ་ཏུ་བསྐྱུར་ནས་མདུན་དུ་ཅུང་ཙམ་སོང་བ་ན། རྒྱ་རོ་སོག་པོ་སྡེ་བའི་སྔོ་ཚོད་ལྡུམ་རའི་སྔོ་ལྗང་ངེར་གནས་པའི་དྲོད་ཁང་རེ་རེ་མིག་ལམ་དུ་མཐོང་སོང་། དེ་དག་ནི་གྲལ་ཕྲེང་འགྲིག་མོས་བསྒྲིགས་ཡོད་ལ་མིག་དབང་འཕྲོག་པ་ཞིག་རེད།

སྒོ་ཡོལ་ཕྱེ་ནས་དྲོད་ཁང་དུ་བསྐྱོད་པ་ན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོང་སྟེ། སྔོ་ལྗང་ལྗང་གི་སུར་པན་གྱི་ལོ་མར་སྐྱེ་སྟོབས་བཟང་ཞིང་སུར་པན་དམར་པོ་རེ་རེ་ལོ་མའི་བར་དུ་དཔྱངས་ཡོད། རྒྱ་རོ་སོག་པོ་སྡེ་བའི་སྡེ་མི་རྣམས་ཀྱིས་སུར་པན་བཏོག་རྗེས། རིགས་དབྱེ་དང་སྐྱེལ་འདྲེན། རྒྱ་མར་འཇལ་བ་བཅས་ལ་བྲེལ་བཞིན་ཡོད།

ས་ཞིང་གང་མྱུར་གྱིས་འཁོར་རྒྱུག་བྱས་ཏེ་ཞིང་ལས་གཉེར་སྐྱོང་གཞི་ཁྱོན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་ངེས་པར་བརྒྱུད་དགོས་པའི་ཐབས་ལམ་ཞིག་ཡིན་པས། ས་ཞིང་གཅིག་བསྡུས་ཀྱིས་འཁོར་རྒྱུག་བྱེད་པ་དང་ཡང་བསྐྱར་ཚོགས་སྒྲིག་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་།

ས་ཞིང་ནི་ཐོན་ལས་དར་རྒྱས་འབྱུང་བ་དང་ཞིང་པའི་ཡོང་སྒོ་འཕར་བའི་ཐོན་སྐྱེད་རྒྱུ་རྐྱེན་ཆེས་གཙོ་བོ་དེ་ཡིན། རྨ་ཆུའི་བརླན་འོག་ཏུ་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཡོད་པ་དང་། ཁྲི་ཀ་རྫོང་གིས“ཚོད་སླེ”བཟོ་འགོད་འཛུགས་སྐྲུན་གྱི་སྤུས་འདེགས་ཕན་འཕར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། “རྩྭ་ཕྱུགས་ཟུང་འབྲེལ་དང་ཞིང་ཕྱུགས་མཉམ་སྒུལ། ཕན་མཐོ་མཐོང་ཡོད”ཀྱི་འཁོར་རྒྱུག་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་བྱེད་སྟངས་ཤིག་གྲུབ།

དྲོད་ཁང་ནས་ཕྱིར་ཐོན་རྗེས་སྔོ་ཚོད་ལྡུམ་རའི་འགན་འཁུར་པ་ཕན་ཞིན་ཞིང་དང་འཕྲད།“ཧི་ཞིས་གྲོང་རྡལ་གྱི་ནམ་ཟླ་དང་ས་ཞིང་ཚང་མ་སྔོ་ཚོད་འདེབས་པའི་ཐོན་ལས་དང་ཅུང་འཚམ་པས། མཚོ་སྔོན་སྔོ་ཚོད་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི2014ལོར་བཙུགས་པའི་ཚུན་དུ། མུའུ་རེར་སྒོར750ཡིས་ཧི་ཞིས་གྲོང་རྡལ་རྒྱ་རོ་སོག་པོ་སྡེ་བ་དང་དཀར་བརྗིད་ཡུལ་ཚོ་གཡུ་ཚའི་མཁར་ཐོག་སྡེ་བ་གཉིས་ཀྱི་ས་ཞིང་མུའུ1000ལྷག་གླས་ཏེ་གཙོ་བོ་སུར་པན་དང་ཀྲོ་མ་ཀྲུ་སོགས་ཀྱི་སྔོ་ཚོད་བཏབ་ཅིང་ལྷ་མོའི་སེའུ་བཏབ་པས། ཉིན་རེར་སྔོ་ཚོད་དང་སིལ་ཏོག་སྤྱི་རྒྱ་ཁྲི་གཉིས་ལྷག་རེ་ཐོན་བཞིན་ཡོད། རྟེན་གཞི་རུ་ལས་ཀ་པ་ཆེས་མང་དུས་མི་བརྒྱ་དང་ལྔ་བཅུ་ནས་ཉིས་བརྒྱ་ལྷག་ཡོད། ལོ་རེར་ལས་བཟོ་པའི་གླ་ཕོགས་ཀྱང་སྒོར་ས་ཡ་གཅིག་དང་འབུམ་གསུམ་ལྷག་ལ་སླེབས”ཞེས་ཕན་ཞིན་ཞིང་གིས་དེ་ལྟར་བཤད།

རྟེན་གཞིའི་འགན་འཁུར་པ་ཨན་ཡོང་ཅུན་གྱིས་རྩིས་ཤིག་བརྒྱབ་སྟེ། “མིག་སྔར། ཚོང་རའི་ནང་སུར་པན་གྱི་རིན་གོང་སྤྱི་རྒྱ་རེར་སྒོར5ནས6.5རེད། སྔོན་དཔག་བྱས་ན་ས་ཞིང་མུའུ་རེའི་སྟེང་ཧ་ལམ་སུར་པན་སྤྱི་རྒྱ1000རེ་ཐོན་ཐུབ་པས། ལས་བཟོ་པའི་གླ་ཡོན་ཕུད་རྗེས། སུར་པན་བཏབ་པའི་ས་ཞིང་མུའུ་རེའི་སྟེང་གི་ཁེ་སྤོགས་སྒོར་ཁྲི་གཅིག་ལ་སླེབས་པས། ང་ཚོའི་སུར་པན་ལ་བརྟན་འཇགས་ཀྱི་ཉོ་མཁན་དང་ཚོང་ར་ཡོད་པས་ཕྱིར་བཙོང་ཐད་སེམས་ཁུར་མེད”ཅེས་བཤད།

“ཁེ་ལས་དང་མཉམ་ལས་ཁང་། ཞིང་ཁྱིམ” གྱི་རྣམ་པས་སུར་པན་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་བས། རྒྱ་རོ་སོག་པོ་སྡེ་བའི་སྔོ་ཚོད་ལྡུམ་ར་དེ་ཁེ་ལས་ཀྱིས་མྱུ་གུ་ཉོ་སྡུད་དང་མཉམ་ལས་ཁང་གིས་འདེབས་པ། ཞིང་ཁྱིམ་ནང་དུ་ཞུགས་པའི་སུར་པན་ཐོན་ལས་ཀྱི་རྣམ་པ་ཞིག་རིམ་བཞིན་གྲུབ་སྟེ། ཞིང་ལས་ཀྱི་ཕན་འཕར་དང་ཞིང་པའི་ཡོང་འཕར་ལ་ཕན་ལྡན་གྱིས་ཡར་སྐུལ་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་བཞིན་ཡོད།

“ང་ཚོ་ཚང་མ་འདིའི་ཉེ་འགྲམ་གྱི་སྡེ་མི་ཡིན་ལ། འདི་ནས་གཙོ་བོ་མྱུ་གུ་འདེབས་པ་དང་ཆུ་གཏོང་བ། བཏོག་པ་སོགས་ཀྱི་ལས་ཀ་ལས་བཞིན་ཡོད། ལས་ཀ་འདི་དག་ལས་མི་ཤེས་པ་ཞིག་མེད་ལ། ལོ་གཅིག་ལ་ཡོང་སྒོ་སྒོར་ཁྲི་གསུམ་ཡས་མས་ཡོད། ད་རུང་ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ་པས་ཧ་ཅང་བཟང”ཞེས་ལས་བཟོ་པ་དབྱང་ཀྲན་ཅེ་དགོད་ཞོར་དུ་དེ་ལྟར་བཤད།

ད་སྐབས་དྲོད་ཁང་རྟེན་གཞི་ཡིས་སུར་པན་ལོ་ལེགས་བསུ་བཞིན་ཡོད་པས། ལས་བཟོ་པ་རྣམས་བཏོག་པ་དང་སྣོད་དུ་འཇུག་པ། སྐྱེལ་འདྲེན་བྱེད་པ་བཅས་ལ་བྲེལ་ཞིང་། བཏོག་ཡོད་པའི་སུར་པན་རྣམས་རིགས་དགར་ནས་ཐུམ་དུ་བཅུག་སྟེ་ས་ཆ་སོ་སོར་འཚོང་བཞིན་ཡོད། “ཞོགས་པའི་དུས་ཚོད6གི་སྟེང་ནས་བཏོག་མགོ་བརྩམས་པ་ཡིན། ཟི་ལིང་གི་སྔོ་ཚོད་ཚོང་པས་སྤྱི་རྒྱ5000མངག་ཉོ་བྱས་པས་ང་ཚོས་སྔ་མོ་ནས་བཏོག་པ་ཡིན”ཞེས་ཞོར་ལས་གཉེར་དུ་ཡོང་བའི་སྡེ་མི་ཧོང་ཁྲེང་ཧྭ་ཡིས་དེ་ལྟར་བཤད།

“འདི་ངེད་ཚང་ལ་ཐག་ཉེ་བས་སུར་པན་བཏོག་ཏུ་ཡོང་བ་ཡིན། ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ་པའི་ཁར་གླ་ཕོགས་ཀྱང་ཉིན་རེར་སྟེར་བ་དང་ཉིན་རེར་ལས་རྒྱུ་ཡོད”ཅེས་བྱེ་ལ་སྐེ་སྡེ་བའི་སྡེ་མི་ཚའེ་ཀྲེན་ཀུན་གྱིས་སུར་པན་བཏོག་ཞོར་དེ་ལྟར་བཤད། ལོ་རེའི་སུར་པན་བཏོག་པའི་དུས་ཚིགས་ཐོན་ཐེངས་རེར་ཁོ་དང་འདྲ་བའི་ཞོར་ལས་པ་བརྒྱ་ལྷག་རྟེན་གཞི་རུ་ཞོར་ལས་གཉེར་དུ་ཡོང་བཞིན་ཡོད། སུར་པན་འདེབས་འཛུགས་ཀྱིས་འདེབས་འཛུགས་ཁྱིམ་ཚང་ལ་ཡོང་སྒོ་ཡིད་ཚིམ་པ་ཞིག་སྐྲུན་བཞིན་ཡོད་པར་མ་ཟད། མཐའ་འཁོར་གྱི་སྡེ་མི་རྣམས་ལའང་ཉེ་ས་རུ་ལས་ཞུགས་ཀྱི་གོ་སྐབས་བསྩལ་ནས་ཚང་མས་ཁྱིམ་ཚང་ལ་བདག་སྐྱོང་དང་ཞོར་ལས་ཡོང་སྒོ་འཕར་བའི་ཕན་ཁེ་བསྐྲུན་ཡོད།

“དྲོད་ཁང་དུ་དུས་ཚིགས་བཞི་བོར་ཡོང་སྒོ་སྐྲུན་པ”ཡི་རེས་འཁོར་བྱེད་སྟངས་བཀོལ་བས་སྔོ་ཚོད་ལྡུམ་རར་འཕེལ་རྒྱས་མགྱོགས་པོ་བྱུང་། 2014ལོའི་དྲོད་ཁང147ནས་ད་ལྟའི་དྲོད་ཁང377དུ་འཕར་ཡོད། དང་ཐོག་སྔོ་ཚོད་སྣ་ཁ་གཅིག་འདེབས་པ་ནས་ད་ལྟའི་སུར་པན་དང་ཀྲོ་མ་ཀྲུ། ལྷ་མོའི་སེའུ། ཀོའོ་པིག་མེ་ཏོག་སོགས་བཏབ་པས། སིལ་ཏོག་དང་སྔོ་ཚོད་སྣ་ཚོགས་ལོ་གཅིག་གི་དུས་ཚིགས་བཞི་བོར་འཁོར་རྒྱུག་སྒོས་བཏབ་ནས་སྡེ་མིར་ལོ་གཅིག་གི་དུས་ཚིགས་བཞི་བོར་ཡོང་སྒོ་ལེན་དུ་བཅུག

གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཐོན་ལས་དམ་པོར་བཟུང་སྟེ། ཞིང་པའི་ཡོང་སྒོ་འཕར་དུ་འཇུག་རྒྱུ་ནི་གནད་འགག་ཡིན། ཉེ་བའི་ལོ་འདི་གའི་རིང་ལ། ཧི་ཞིས་གྲོང་རྡལ་ལྟར་ཁྲི་ཀ་རྫོང་གིས་ཐོན་ལས་དམངས་ཕྱུག་དེ་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་འཛིན་ལུང་གལ་ཆེན་དུ་བརྩིས་ཏེ། སྔོ་ཚོད་འདེབས་འཛུགས་དེ“གཞི་ཁྱོན་ཅན་དུ་བསྐྱེད་པ་དང་ཁྱད་ལྡན་དུ་བསྐྲུན་པ། ཚོང་རྟགས་སུ་བསྐྲུན་པ། ཕན་འབྲས་བསྐྲུན་པ”བཅས་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་གང་མྱུར་གྱིས་ལག་བསྟར་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།