སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་ལེགས་དང་སྡེ་མིའི་ཡོང་འབབ་ཇེ་མང་དུ་སོང་།
2024.04.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 “ད་སྐབས་ཀྱི་ཡོང་འབབ་བགོ་བཤའ་རྒྱག་ཐབས་དེ་གང་ལ་གང་འཚམ་དང་ཁྱབ་རྒྱ་ཇེ་ཆེ། གནད་དུ་འཁེལ་བ་ཞིག་ཡིན་པས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཆུང་དང་ཕྱུག་བསྒྱུར་སྣེ་ཁྲིད་མཁན། སྡེ་མི་བཅས་ཀྱི་ངར་ཤུགས་ཇེ་ཆེར་སོང་ཡོད།”

“ད་ལོ་ང་ཚོའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཉིས་ཡིན་པ་དང་། ང་ལ་སྒོར་སྟོང་གསུམ་བགོས་སོང་། ཡུལ་མི་གཞན་ལའང་སྒོར་སྟོང་གཅིག་ནས་སྟོང་ལྔ་བར་གྱི་ཁེ་སྤོགས་བགོས་པས་དགའ་སྤྲོས་ཁེངས་ཡོད། ”

འདི་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་དགའ་འོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་སྟེ་སྡེ་མིས་དགའ་སྤྲོས་ངང་བཤད་པའི་སྐད་ཆ་རེད།

སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་དང་རྒྱ་བསྐྱེད་པའི་ཆེད་དུ། ཆི་ལེན་རྫོང་གིས་སྲིད་ཇུས་ཀྱི་ཁེ་བཟང་ལེགས་པོར་བེད་སྤྱད་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་སྐུལ་མ་བཏང་བ་དང་། དངོས་ཡོད་ལ་རྐང་འཛུགས་པ། བཀོལ་སྤྱོད་རང་བཞིན་ཆེ་བ། ཡུན་རིང་བོར་དམིགས་པ་བཅས་ཀྱི་རྩེ་རིམ་ཇུས་འགོད་ཇུས་གཞི་སྟེ—《ཆི་ལེན་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བའི་དོ་དམ་ཞིབ་སྲོལ(ཚོད་ལྟའི་ལག་ལེན)》ཞེས་པ་བཏོན་ནས་ལས་གཞིའི་མ་དངུལ་བེད་སྤྱོད་དོ་དམ་ཚད་ལྡན་དུ་བཏང་བ་དང་། ལུགས་མཐུན་ངང་བགོ་བཤའ་རྒྱག་ཚད་ཇེ་ལེགས་སུ་བཏང་།《ཆི་ལེན་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྡེ་སྟོབས”བཟོ་འགོད་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་ཇུས་གཞི》ཞེས་པ་བཏོན་ནས“འགག་གནད”ཀྱི་དཀའ་གནད་བསལ་ལ། 《ཏང་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ》དང་ནུས་ལྡན་གྱི་བྱེད་ཐབས་གྱ་བདུན་ལ་བརྟེན་ནས། ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བར་སྣེ་ཁྲིད་པར་གཏིང་ཟབ་སྒོས་སྐུལ་འདེད་བྱས་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་ལེགས་འདེམས་ལེགས་སྒྲིག་བྱས་པར་མ་ཟད། སྣེ་ཁྲིད་པའི་དཔུང་སྡེའི་འཕེལ་རྒྱས་དམ་འཛིན་བྱེད་པའི་ནུས་ཤུགས་དང་རྩལ་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས་ཏེ། སྡེ་བའི་རྣམ་པ་གསར་པའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་།

རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའི་རོང་འབྲོག་ཁུལ་ཞིག་ལ་མཚོན་ན། “རྩྭ་ཐང་ལ་བརྟེན་ནས་འཚོ་བ་རོལ་བའི”སྡེ་བའི་གྲངས་ཀ་མང་པོ་ཟིན་ཡོད། རྣམ་པ་གསར་པའི་རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་མ་དཔེ་དང་ལམ་བུ་ཇི་ལྟར་འཚོལ་ཞིབ་བྱེད་རྒྱུ་ནི། ཆི་ལེན་རྫོང་གིས་ལོ་འགའི་རིང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་པའི་བྱ་བའི་ཁ་ཕྱོགས་གཙོ་བོ་ཞིག་རེད།

ཆི་ལེན་རྫོང་གིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ལས་གཞི་ཅན་གྱི་ཏང་འཛུགས་སྐྲུན་གྱི་བཟོ་འགོད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ། རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་གཙོ་གནད་གནད་དོན་ལེགས་འཛིན་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིས་དཀའ་གནད་བསལ་ནས་ལག་བསྟར་བྱེད་པའི་བྱེད་ཐབས་སྤྱད་ནས། དཔེ་སྟོན་བཟོ་འགོད་ཀྱིས་སྣེ་གཅིག་གི་ཁྱོན་ཡོངས་ལ་སྣེ་ཁྲིད་པ་དང་། སྡེ་སྟོབས་བཟོ་འགོད་ཀྱིས་གོང་གིས་འོག་ལ་སྣེ་ཁྲིད་པ། མཉམ་གཉེར་བཟོ་འགོད་ཀྱིས་སྟོབས་ལྡན་གྱིས་ཉམས་ཞན་ལ་སྣེ་ཁྲིད་པ། ཞབས་ཞུའི་བཟོ་འགོད་ཀྱིས་ཞིང་འབྲེལ་ཞིང་ཁྲིད་བྱེད་པ་སོགས་བརྒྱུད། གཡང་ལུང་ཡུལ་ཚོ་ཆུ་ཁོལ་སྡེ་བ་དང་མུ་རུ་གྲོང་རྡལ་བ་རྒ་སྡེ་བ། འབྲོང་ལུང་ཡུལ་ཚོ་སྤེན་མ་སྡེ་བ་སོགས་ཀྱི་ནོར་ནག་དང་འབྲོག་ལུག་གསོ་སྤེལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་སོགས་ཀྱི་དངོས་གཞི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་། མིག་སྔར། རྫོང་ཡོངས་ཀྱི་སྡེ་བ་ཞེ་ལྔ་ཡི་ཐུན་མོང་དཔལ་འབྱོར་སྒོར་འབུམ་གཉིས་དང་ཁྲི་ལྔ་ལས་བརྒལ་བ་དང་། སྒོར་འབུམ་ལྔ་ཡན་གྱི་སྡེ་བ་བཅུ་གཉིས་ཡོད་ལ། སྡེ་བའི་ཐུན་མོང་གི་ཡོང་འབབ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་ལྔ་ཁྲི་གསུམ་ལ་སླེབས་པར་མ་ཟད། ལྷག་པར་དུ་བཙུན་མོ་གཞུང་གྲོང་རྡལ་ནུབ་སྡེ་ཡི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་དགུ་སྟོང་བཞི་ལྷག་ལ་སླེབས།

འདས་པའི་དུས་ཡུན་རིང་བོ་ཞིག་ལ། མུ་རུ་གྲོང་རྡལ་བ་རྒ་སྡེ་བའི་གསོ་སྤེལ་ཁྱིམ་ཚང་རྣམས་ཀྱིས“ཁེར་འཐབ”ཀྱིས་ལོ་གཅིག་ལ་དཀའ་ལས་བརྒྱབ་ཀྱང་དངུལ་མང་པོ་ཞིག་བཙལ་མ་ཐུབ།

ཕྱུག་བསྒྱུར་སྣེ་ཁྲིད་མཁན་ཀུའོ་ཡུང་ཀོང་བ་རྒ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས།

ལས་འགན་འཁུར་པའི་ལས་དང་པོ་སྟེ། ཀུའོ་ཡུང་ཀོང་གིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་དེ“ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང”གི་ཐོན་ལས་གཉེར་སྐྱོང་རྣམ་པ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། སྔ་གཞུག་ཏུ་གསོ་སྤེལ་ཁྱིམ་ཆེན་དང་རུ་ཁག་གི་ཁོངས་མི་སོགས་ཁྱིམ་ཚང20སྡུད་ལེན་བྱས་ལ། “ཤ་ཤེད་ཀྱི་རིམ་པ་དང་ཞིབ་ཕྲའི་ལས་སྣོན། དུས་ཚིགས་མཉམ་འདྲེས་ཕྱིར་འཚོང”དང་། “ཐོན་སྐྱེད་རྒྱ་བསྐྱེད་དང་སྤུས་ཀ་མཐོར་འདེགས། ཚན་ཞིབ་གསར་གཏོད། དྲ་ལམ་ཚོང་ལས་རྒྱ་བསྐྱེད་པ”བཅས་ཀྱི“ཕྱོགས་གསུམ”ལ་ཤུགས་བསྣན་ཏེ། སྡེ་བའི་ཐུན་མོང་ཡོང་འབབ་སྒོར་འབུམ་གཉིས་དང་ཁྲི་ལྔ་ལྷག་ཙམ་འཕར་སྣོན་བྱུང་།

སྣེ་ཁྲིད་པ་ཞིག་བདམས་ཤེས་ན་སྡེ་བ་གཅིག་ལ་སྐུལ་ཁྲིད་བྱེད་ཐུབ། ཆི་ལེན་རྫོང་གིས་མི་འདེམས་སྤྱོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། ཕྱུག་བསྒྱུར་སྣེ་ཁྲིད་པ་དང་རྣམ་པ་གསར་པའི་ལས་གཉེར་གཙོ་གཞིའི་སྣེ་ཁྲིད་པ། སྒོ་ཕྱིར་གླ་རྒྱག་ཏུ་སོང་བ་དང་ལས་གཉེར་ཚོང་བ་སོགས་ཀྱི་ནང་ནས་སྡེ་བའི་ལས་བྱེད་པ་འདེམས་བསྐོ་བྱས། 2021ལོར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཕྱུག་བསྒྱུར་སྣེ་ཁྲིད་པ་དང་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ཕུལ་བྱུང་མི་སྣ་ཉེར་བརྒྱད་བདམས་ནས་སྡེ་བ་རིམ་པའི་སྣེ་ཁྲིད་པའི་དཔུང་སྡེའི་ནང་ཚུད། སྡེ་སྡོད་ལས་བྱེད་རུ་མི་དོན་གཉིས་དང་ཧྲུའུ་ཅི་དང་པོ་སོ་བདུན་རེས་མོས་ངང་བདམས་མངགས་བྱས་ཏེ། ལས་ཁུངས་དང་ཁེ་ལས་ལས་དོན་སོགས་སྡེ་ཁག་གི་ལས་བྱེད་པ་བརྒྱ་དང་དགུ་སྡེ་སྡོད་བྱས་ནས་ཀྲི་པུའུ་སྟོབས་ལྡན་དུ་གཏོང་བ་དང་འཕེལ་རྒྱས་བརྩོན་ལེན་བྱེད་པ། བཅོས་སྐྱོང་ལ་མཐོང་ཆེན་བྱེད་པ། ཞབས་ཞུ་ལེགས་བསྒྱུར་བཅས་བྱེད་པར་རོགས་རམ་བྱས།

ད་ལྟ་བཙུན་མོ་དམར་ཡག་མའི་འདབས་ཀྱི་དམར་ཝོར་འགག་སྡེ་བས་ཞིང་སྡེའི་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2021ལོར་དམར་ཝོར་འགག་སྡེ་བའི་ཏང་ཀྲི་པུའུ་ཡིས་ཚོང་རའི་ཕན་འབྲས་ཁྲིད་ཕྱོགས་བྱེད་པ་རྒྱུན་འཁྱོངས་དང་། རིན་ཐང་དམའ་ལ་ཕན་འབྲས་ཆུང་བའི་བེད་མེད་ས་ཆ་རུ་ཤིང་ཁང་མགྲོན་ཁང་དང་ཞིང་ཕྱུགས་ཐོན་རྫས་སྡུད་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། “ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་། ཞབས་ཞུ”བཅས་སྦྲེལ་མཐུད་དང་།“ཞིང་ལས་དང་རིག་གནས། ཡུལ་སྐོར། སློབ་གསོ”བཅས་མཉམ་འདྲེས་ཀྱི་ཞིང་སྡེའི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་གསར་སྐྲུན་བྱས། 2023ལོར་དམར་ཝོར་འགག་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རྐྱང་བ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཉིས་སྟོང་གཉིས་ལྷག་ལ་སླེབས་པ་དང་། དེ2021ལོ་དང་བསྡུར་ན52%འཕར་ལ། སྡེ་བའི་ཐུན་མོང་གི་ལོ་རེའི་ཡོང་འབབ་སྒོར་འབུམ་གསུམ་དང་ཁྲི་གཉིས་ཡོད་པ་དང་ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གཉིས་ལ་འཕར་ཡོད།

དམར་ཝོར་འགག་སྡེ་བའི་འགྱུར་ལྡོག་ཀྱང་ཐོན་ལས་འཕེལ་རྒྱས་དམ་འཛིན་བྱས་ནས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པའི་བསྡུས་གཟུགས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཆི་ལེན་རྫོང་གིས་སྡེ་བ་སོ་སོའི་དཔལ་འབྱོར་རྨང་གཞི་དང་ཐོན་ལས་ཀྱི་ཁྱད་ཆོས། ས་བབ་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ཆ་རྐྱེན་སོགས་ཕྱོགས་བསྡུས་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་ཐོན་ལས“བདམས”ཏེ། སྡེ་བའི་ཐུན་མོང་གི་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

མིག་སྔར། མདོ་ལ་རྩྭ་ཐང་དུ་གྲོང་གསེབ་དར་སྤེལ་གཏོང་བའི་དམག་འཐབ་དྲག་པོ་རྒྱག་བཞིན་ཡོད་པ་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་མཚོན་སྡེ་བ་ཁག་ཅིག་རྒྱུན་མཐུད་ངང་ཐོན་ཞིང་། སྡེ་བའི་ཐུན་མོང“དངུལ་ཁུག”ཇེ་མཐུག་དང་སྡེ་བའི་ཏང་རྩ་འཛུགས་ཀྱི“སྟོབས་ཤུགས”ཆེ་རུ་ཕྱིན་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་བསྩལ། 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།