ཐོན་ལས་ཀྱིས་སྣེ་ཁྲིད་པའི་ཕྱུག་འགྱུར་གྱི་ལམ་ཁ།
2024.05.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

  ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།  ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་མི་སེམས་འགུག་པ་དང་། ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ།

ཉེ་ལམ། གསར་འགོད་པ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ར་སྟོད་ཡུལ་ཚོ་སྤོ་ལོ་སྡེ་བར་སྐྱོད་སྐབས། “སྤོ་ལོ་སྡེ་བའི་ཕྱོགས་བསྡུས་ཐོན་ལས་ཁུལ”ཞེས་བྲིས་ཡོད་པའི་ཐོག་བརྩེགས་གཉིས་ཅན་གྱི་ཁང་བ་ཞིག་མིག་ལམ་དུ་མངོན་ཞིང་།  ཁང་བརྩེགས་དང་པོའི་སྤོ་ལོ་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་དེ་མིག་ལ་གསལ་བོར་སྣང་།   ཚོང་ཁང་ནང་གི་ཚོང་སྒྲོམ་ཐོག་བཏུང་བྱ་དང་།  ཞོར་ཟས། འཚོ་བའི་མཁོ་ཆས།  ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་སྣ་མང་གྲལ་སྟར་བསྒྲིགས་ཡོད།

སྤོ་ལོ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་འཇམ་དབྱངས་ཆོས་རྒྱལ་གྱིས་བཤད་རྒྱུར།  ང་ཚོ་སྤོ་ལོ་སྡེ་བ་འདི་རྒྱལ་ལམ345དང་ཐག་ཉེ་བས་ཡུས་ཧྲུའུ་གྲོང་ཁྱེར་དང་། རྫ་སྟོད་རྫོང་། ནང་ཆེན་རྫོང་། བོད་ལྗོངས་ཆབ་མདོ་བཅས་སུ་འགྲོ་འོང་བྱེད་པའི་རླངས་འཁོར་ཤིན་ཏུ་མང་། 2021ལོར་ས་བབ་ཀྱི་ལེགས་ཆར་བརྟེན་ནས་མ་དངུལ་སྒོར་ས་ཡ་གཉིས་འབུམ་བཞི་ཁྲི་གཉིས་བཏང་སྟེ།  སྤོ་ལོ་སྡེ་བའི་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་བསྐྲུན་པ་ཡིན་ལ།   དུས་དེ་ནས་བཟུང་སྒོ་རྩིས་ཚོང་ཁང་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་འགོ་བརྩམས་པ་ཡིན་ཟེར།

ཚོང་པ་བཀྲ་ཤིས་ཆོས་སྒྲོན་གྱིས་ཚོང་སྒྲོམ་དུ་དངོས་ཟོག་སྣོན་ཞོར་དུ་འདི་གར་སྡེ་བའི་ནང་གི་མི་ལས་གཞན་ད་དུང་ཡར་འགྲོ་མར་འོང་བྱེད་པའི་རླངས་འཁོར་ཁ་ལོ་པ་དང་འགྲུལ་པ་ཡང་དངོས་ཟོག་ཉོ་བར་ཡོང་བཞིན་ཡོད་པས། ལོ་རེར་ཡུལ་སྐོར་པ་མང་བའི་དུས་ཚིགས་དང་ལོ་གསར་གྱི་སྐབས་སུ་སྒོ་རྩིས་ཚོང་ཁང་གི་ཚོང་ཧ་ཅང་བྲིན་པ་རེད་ཟེར།

ངོ་སྤྲོད་བྱས་པ་ལྟར་ན།  སྤོ་ལོ་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་དེ2021ལོའི་ཟླ10པ་ནས་གཉེར་སྐྱོང་བྱེད་འགོ་བརྩམས་ཤིང་། 2022ལོའི་ཟླ10པའི་བར་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བདུན་ལ་སླེབས་པ་དང་།   ཁེ་སྤོགས་སྒོར་འབུམ་གཉིས་དང་ཁྲི་ལྔར་སླེབས་ཡོད།  2023ལོར་ཁེ་སྤོགས་སྒོར་འབུམ་གཉིས་དང་ཁྲི་དྲུག་ལ་བསླེབས་ཤིང་།ཉེ་བའི་ལོ་ཤས་རིང་གི་ལོ་རེའི་ཡོང་འབབ་བརྟན་པོ་རེད།

སྒོ་རྩིས་ཚོང་ཁང་གི་བྱང་ངོས་སུ། སྨི་གྲུ་བཞི་མ5400ཟིན་པའི་ལས་སྣོན་འཁོར་ཁང་ཞིག་ཡོད། འཁོར་ཁང་དེ་རུ་འཕྲུལ་ཆས་ཀྱིས་འདེམས་སྒྲུག་དང་།   ཞིབ་འཐག སྐམ་བཟོ། ལས་སྣོན་སོགས་བྱེད་ཅིང་། ལས་རིམ་མང་པོ་བརྒྱུད་མཐར་ནོར་ལུག་གི་ལྕི་བ་དང་རིལ་མ་དག་སྐྱེ་ལྡན་ལུད་དུ་གྱུར་ཡོད།

སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་སྐོར་གླེང་སྐབས་འཇམ་དབྱངས་ཆོས་རྒྱལ་གྱིས་ཡིད་ཆེས་ཆེན་པོས་བཤད་རྒྱུར། སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ་འཛུགས་པར་འགྲིམ་འགྲུལ་ས་བབ་ཀྱི་ལེགས་ཆར་བརྟེན་པ་མ་ཟད་ས་ནག་ཐང་བཅོས་སྐྱོང་སོགས་ཁོར་ཡུག་སྲུང་སྐྱོབ་ཐད་སྐྱེ་ལྡན་ལུད་ཀྱི་དགོས་མཁོ་ཡང་ཆེ་བས། སྡེ་བའི་ནང་གི་མི་མང་ཆེ་བས་ནོར་ལུག་གསོ་སྤེལ་བྱས་ནས་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་པར་འགན་ལེན་བྱས་ཡོད་ཟེར།

2022ལོར། ཡུས་ཧྲུའུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་གསུམ་འབུམ་ལྔ་བཏང་ནས་སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི་བཙུགས་ནས།  ར་སྟོད་ཡུལ་ཚོའི་སྡེ་བ་སོ་སོ་དང་ཁེ་ཕན་མཉམ་འབྲེལ་གྱི་རྐྱེན་སྲོལ་བཙུགས་པ་དང་།   སྡེ་བར་གཏན་འཇགས་ཀྱི་ཁེ་སྤོགས་བགོ་བ་དང་།  མ་བཅོས་རྒྱུ་ཆ་ཁྱིམ་ཚང་ནས་ཉོ་སྒྲུབ་བྱས་ཏེ་ཕྱོགས་གསུམ་པའི་གཉེར་སྐྱོང་ཁེ་ལས་ལ་དོ་དམ་བྱེད་པར་མངགས་བཅོལ་བྱས།  2023ལོའི་ཟླ6པ་ནས་བཟུང་དངོས་སུ་གཉེར་སྐྱོང་བྱེད་འགོ་བརྩམས་ཡོད།  གན་རྒྱ་ལྟར་ར་སྟོད་ཡུལ་ཚོར་ལོ་རེར་མ་མཐའི་ཁེ་སྤོགས་སྒོར་ས་ཡ་གཅིག་དང་འབུམ་ལྔ་བགོ་ཐུབ་པ་དང་།  སྤོ་ལོ་སྡེ་བས་མ་རྐང20%ཟིན་ལ་ལོ་རེར་མ་མཐའི་ཁེ་སྤོགས་སྒོར་འབུམ་གསུམ་བགོ་ཐུབ་ཀྱིན་ཡོད།

འཇམ་དབྱངས་ཆོས་རྒྱལ་གྱིས་བཤད་རྒྱུར། སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི་འཛུགས་མགོ་རྩོམ་སྐབས།  སྡེ་མི་ཚོས་ནོར་ལུག་གི་ལྕི་བ་དང་རིལ་མ་ལུད་དུ་ལས་སྣོན་བྱེད་ཐུབ་པ་ཤེས་ཀྱིན་མེད་པར་མ་ཟད། ཁོ་ཚོར་སྲོལ་རྒྱུན་གྱི་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་ནས་ནོར་ལུག་གི་ལྕི་བ་དང་རིལ་མ་ཉོ་སྒྲུབ་བྱེད་རྒྱུ་དང་ལེན་མི་བྱེད།  སྡེ་སྡོད་ལས་བྱེད་ཚན་ཆུང་ཁྱིམ་ཚང་རེ་རེར་སོང་ནས་སྡེ་མི་ཚོར་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ལྡན་ལུད་ཀྱི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཀྱི་འབྲེལ་ཡོད་གནས་ཚུལ་ཞིབ་མོར་བཤད་པ་དང་།  སྡེ་མི་ཚོས་འབྲེལ་ཡོད་གནས་ཚུལ་གསལ་བོར་ཤེས་རྗེས་གཞི་ནས་རིམ་བཞིན་རྒྱབ་སྐྱོར་བྱས་པ་རེད་ཟེར།

ཉོ་སྒྲུབ་ཀྱི་སྐོར་གླེང་སྐབས།  སྡེ་མི་འཇམ་དབྱངས་ཡོན་ཏན་གྱིས་བཤད་རྒྱུར།  རིལ་མ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྒོར80དང་ལྕི་བ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྒོར60སྟེར་གྱིན་ཡོད་པ་དང་། ན་ནིང་ངས་ལྷས་ར་ནས་ལྕི་བ་སྨི་རྒྱ་དཔངས་གྲུ་བཞི་མ100ལྷག་མཁོ་འདོན་བྱས་ནས་ཡོང་འབབ་སྒོར6000ལྷག་ཐོབ་བྱུང་།  ལྕི་བ་ཉོ་སྒྲུབ་བྱས་རྗེས་ལྷས་ར་གཙང་མར་གྱུར་པར་མ་ཟད་ཡོང་འབབ་ཀྱང་ཡོད་པས།  སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི་འདི་བཙུགས་པ་ཧ་ཅང་བཟང་ཟེར།

ཁེ་སྤོགས་བགོ་བ་ལས་གཞན།  སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞིས་ད་དུང་སྡེ་བའི་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས། མིག་སྔར་སྤོ་ལོ་སྡེ་བའི་མི9སྒོ་འགྲམ་དུ་ལས་ཞུགས་བྱས་ནས་ཟླ་རེར་གླ་ཕོགས་སྒོར3000ལྷག་ལེན་བཞིན་ཡོད།

གཞན་ད་དུང་རྒྱལ་ཁབ་ཀྱི་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་འོག སྤོ་ལོ་སྡེ་བས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་།   ཕྱུགས་ལས་གསོ་སྤེལ་དང་ལས་སྣོན།  ཕྱིར་འཚོང་བཅས་རིམ་བཞིན་ཚད་ལྡན་ཅན་དུ་གྱུར་ལ།  ཕྱུགས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱུང་བ་དང་།  ལས་སྣོན་ཞིབ་རྒྱས་ལས་སྡེ་མི་ཚོའི་ཡོང་འབབ་ཀྱང་ཉིན་ཇེ་བཞིན་ཇེ་མང་དུ་སོང་ནས་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་དང་ཆབས་ཅིག་ཡུས་ཧྲུའུ་ཁུལ་གྱིས་ཞིང་དར་ཞིང་ཕན་གྱི་ཁ་གསབ་སྲིད་ཇུས་བཏོན་པས་སྡེ་མི་ཚོའི་ཐོན་སྐྱེད་ཀྱི་བརྩོན་སེམས་ཀྱང་ཆེས་ཆེར་འཕེལ་ཡོད།

འཇམ་དབྱངས་ཆོས་རྒྱལ་གྱིས་སེམས་འགུལ་ཆེན་པོས་བཤད་རྒྱུར།   སྔོན་ཆད་དང་བསྡུར་ཚེ་ད་ལྟ་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དེ་དངོས་གནས་གོ་སྐབས་ཡག་པོ་ཞིག་ལ་འཕྲད་ཡོད་ཟེར།

ད་ལྟ་སྤོ་ལོ་སྡེ་བར་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱུང་ནས།  སྟབས་བདེའི་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་དང་། ས་ཞིང་། སྒོ་ཕྱུགས། ངལ་རྩོལ་ནུས་ཤུགས་བཅས་མ་རྐང་དུ་ཞུགས་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་། སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི། མངགས་ཐོ་རྣམ་པའི་རྩམ་པ་ལས་སྣོན་བཟོ་གྲྭ་སོགས་སྡེ་མི་ཚོས་བསྔགས་བརྗོད་ཡང་ཡང་བྱེད་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་དེ་དག་ལ་བརྟེན་ནས།  སྤོ་ལོ་སྡེ་བ་དེ་གྲོང་ཁྱེར་ཡོངས་ཀྱི་སྒོར་ཁྲི་བརྒྱ་ཡི་སྡེ་བ་སྟོབས་ལྡན་གྲས་སུ་ཚུད་པ་དང་། 2023ལོར་སྤོ་ལོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཅིག་ལྷག་ཏུ་སླེབས་ཡོད།

ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་དང་ཞིང་སྡེ་དང་འབྲོག་ཁུལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཡིན། སྤོ་ལོ་སྡེ་བས་ཐོན་ལས་འཛུགས་སྐྲུན་དང་གསོ་སྤེལ་ཕྱུགས་ལས་རྒྱ་ཆེར་བཏང་ནས།  སྡེ་བའི་ཐུན་མོང་དང་སྡེ་དམངས་ལ་ཁེ་ཕན་ཐོབ་པ་མངོན་འགྱུར་བྱས་ཏེ། གྲོང་གསེབ་ཡུན་རིང་དར་སྤེལ་ཡོང་བ་དང་གྲོང་གསེབ་དར་སྤེལ་ཁྲོད་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་གཏོང་བཞིན་ཡོད།

སྡེ་མི་ཚོས་མཐེ་བོང་བསྒྲེངས་ནས་སྡེ་བའི་ཐོན་ལས་ལ་བསྔགས་བརྗོད་ཡང་ཡང་བྱེད་པ་མཐོང་སྐབས། འཇམ་དབྱངས་ཆོས་རྒྱལ་ལ་ཡིད་འགུལ་ཆེན་པོ་ཐེབས་ནས་སྡེ་བ་དང་ཁྱིམ་ཚང་དུ་སྐྱོད་པའི་ཉིན་མོ་དེ་དག་ཀྱང་ངའི་མི་ཚེ་འདིའི་རྒྱུ་ནོར་ཆེ་ཤོས་སུ་འགྱུར་ངེས་ཡིན་ཞེས་བཤད་བྱུང་། 

ཡིག་སྒྱུར་པ། སྒྲོལ་མ་སྐྱིད།