སློབ་གསོ་དམིགས་བཀར་སྔོན་སྤེལ་གྱིས།  སང་གི་འདུན་མ་སྐྲུན་པར་བྱེད།
2024.05.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

 མགོ་ལོག་ཁུལ་གྱིས་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་པའི་གནས་ཚུལ་དངོས།

ཀྲོང་ངེར་འགྱིང་བའི་གངས་རི་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། སྣང་བརྙན་འདི་དག་ལས་མི་རྣམས་ཀྱི་སེམས་སུ་སྦྲ་ནག་དང་། རྩྭ་ཆུར་བསྙེགས་ནས་འཚོ་སྡོད་བྱེད་པའི་འབྲོག་པའི་འཚོ་བ་འཁོར་ཡོང་ངེས། སྔོན་ཆད། གནས་འདིར་འཚོ་བ་རོལ་བའི་བྱིས་པ་རྣམས་གླེང་དུས། མི་རྣམས་ཀྱིས་རྒྱུན་པར་གོམས་སྲོལ་ལྟར“ཕྱུགས་རྫི”ཡི་མིང་འདོགས་ངེས།

དོན་དངོས་སུ་མཐོ་སྒང་དུ་གནས་པའི་གྲོང་རྡལ་དེ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ང་ཚོས་མིག་གིས་མཐོང་ཐུབ་པས། གནས་འདིའི་མི་རྣམས་ཀྱི་འཚོ་བའང་སྔོན་ཆད་ལྟར་འཚོ་རྟེན་སྣ་རྐྱང་ཙམ་མ་ཡིན་པར། འཚོ་བའི་གོམས་གཤིས་དང་། ས་ཁོངས་ཀྱི་ཁྱད་པར་ལས་གཞན་གྲོང་ཁྱེར་གྱི་འཚོ་བ་དང་ཁྱད་པར་ཆེན་པོ་མེད་ལ། ལྷག་པར་དུ་སློབ་གསོ་མྱོང་སྟངས་གཅིག་འདྲ་རེད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཆེས་མཐོང་མང་བ་ནི་སློབ་གྲྭ་ཡིན་པ་དང་།  སྒྲིག་བཀོད་ཆེས་བཟང་བ་སློབ་གྲྭ་ཡིན་ལ། ཆ་རྐྱེན་ཆེས་བཟང་བའང་སློབ་གྲྭ་ཡིན་ཞེས་པའི་སྐད་ཆ་འདི་རི་ལུང་ཀུན་ཏུ་ཁྱབ་འདུག

ཉིན་ཞིག་གི་ཞོགས་པར། མྱུར་དུ་བུ་བཅོལ་ཁང་དུ་འགྲོ་བར་ངང་སྒུག་བྱེད་པའི་རིན་འཚོས་རི་བོང་གི་འགུལ་རིས་བྲིས་པའི་བྱིས་པའི་དྲོད་འཛིན་ཇ་ཕོར་སྐེད་ལ་དཔྱངས་པ་དང་། རྒྱབ་ཏུ་ཆུ་ཚོན་གྱི་སྨྱུ་གུ་ཡོད་པའི་དཔེ་ཁུག་ཆུང་ཆུང་ཁུར་ནས་སྒོ་རའི་ནང་དུ་ཡུད་ཙམ་ལ་སྒུག་ཀྱང་ཨ་མ་མ་ཡོང་བས།   ཐོག་ཁང་དུ་རྒྱུག་ནས་སྒོ་རྡུང་ཞོར“རི་བོང་ཆུང་ཆུང་སྒོ་ཕྱེས་དང་།  ཨ་མ་རེམ་མ་འགྲོ་རན་སོང་།  རྗེས་སུ་ལུས་རྒྱུ་རེད་ཞེས་བུ་བཅོལ་ཁང་ནས་བསླབ་པའི་བྱིས་གླུ་བླངས་པས། ཐོག་ཁང་གོང་འོག་གི་སློབ་གྲྭར་འགྲོ་བའི་བྱིས་པ་དང་བྱིས་པ་སློབ་གྲྭར་སྐྱེལ་བའི་ཁྱིམ་བདག་རྣམས་ལ་དགོད་ཁ་བསླངས་པ་དང་། རེ་ཞིག་བྱིས་པ་རྣམས་ཀྱིས་གླུ་དབྱངས་བླངས་པ་དང་ཁྱིམ་བདག་རྣམས་ཀྱི་དགོད་སྒྲས་ཐོག་ཁང་གི་ལྷིང་འཇགས་དཀྲོགས།

མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་བདེ་སྐྱིད་སྡེ་ཁུལ་དུ། ཞོགས་པར་འདི་ལྟ་བུའི་རྣམ་པ་རྒྱུན་དུ་མཐོང་བར་ཡ་མཚར་རྒྱུ་མི་འདུག ས་གནས་དེ་གར་ལོ་བཅོ་ལྔའི་རིང་བྱ་བ་སྒྲུབ་པའི་ཀྲང་ཞའོ་ལན་གྱིས་ཉིན་རེར་དེ་ལྟ་བུའི་རྣམ་པ་མཐོང་ཐུབ་ལ། དེ་ཡང་གོམས་སྲོལ་གྱི་དབང་གིས་ཟི་ལིང་དུ་ཡོད་པའི་བུ་ཆུང་ལ་ཁ་པར་ཞིག་བཏང་ནས་སློབ་གྲྭར་འགྲོ་བར་སྐུལ་འདེད་གཏོང་བ་དང་མཉམ་དུ་སེམས་འཁུར་གྱི་སྐད་ཆ་འགའ་བཤད་ངེས།

“ང་རང་ཐོག་དང་པོར་མགོ་ལོག་ཏུ་ཡོང་ནས་བྱ་བ་སྒྲུབ་དུས་འདི་འདྲ་ཞིག་མ་རེད།” ཀྲང་ཞའོ་ལན་གྱི་དྲན་ཤེས་ནང་དུ། སྐབས་དེར་ཞོགས་པར་བྱིས་པ་སློབ་གྲྭར་སྐྱེལ་བའི་མི་ཚོགས་ཧ་ཅང་ཉུང་ལ།“བུ་བཅོལ་ཁང་དུ་བྱིས་པ་སྐྱེལ་ལེན་བྱས་པ་ཡིན”ཞེས་པའི་སྐད་ཆ་དེ་འདྲ་ལས་གྲོགས་ཕན་ཚུན་བར་ལས་ཉེ་འཁོར་གྱི་འབྲོག་པའི་ཁྲོད་དུ་གོ་རྒྱུ་ཧ་ཅང་ཉུང་།

ཉེ་བའི་ལོ་ངོ་བཅུའི་རིང་། མགོ་ལོག་ཁུལ་གྱིས་སློབ་གསོ་དམིགས་བཀར་གྱིས་སྔོན་ལ་འཇོག་པ་དེ་གོ་གནས་ཨང་དང་པོར་བཞག་ནས། སློབ་སྔོན་སློབ་གསོ་དེ་དམངས་འཚོའི་ལས་གཞི་གཙོ་བོར་བརྩིས་ནས་དམ་འཛིན་བྱས་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཞག་པ་དང་། སློབ་གསོའི་བྱ་གཞག་གོང་དུ་སྤེལ་བའི་སྤྱིའི་འཆར་འགོད་དང་། སྲིད་གཞུང་བྱ་བའི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་པ་རེད།   2021ལོའི་ལོ་མཇུག་ཏུ། མགོ་ལོག་ཁུལ་གྱི་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གི་ཁེབས་ཚད94%ཡན་ལ་སླེབས་ཡོད། ཞང་གྲོང་སློབ་ཆུང་གི་ཟུར་གཏོགས་སློབ་སྔོན་འཛིན་གྲྭ་གཙོ་བོ་ཡིན་པ་དང་། ཁེར་བཙུགས་བུ་བཅོལ་ཁང་དང་སྐོར་སྐྱོད་སློབ་གནས་ཁ་གསབ་ཡིན་པའི་སློབ་གཉེར་རྣམ་པ་ཆགས་ཡོད། 2023ལོའི་ལོ་མཇུག་ཏུ་མགོ་ལོག་ཁུལ་དུ་གཞུང་གཉེར་བུ་བཅོལ་ཁང69ལ་སླེབས་པ་དང་།  བུ་བཅོལ་ཁང་གི་དགེ་རྒན500ཙམ་གྱིས་བྱིས་པ11000ལྷག་ལ་ཆེད་ལས་ཀྱི་སློབ་སྔོན་སློབ་གསོ་གཏོང་བཞིན་ཡོད།

རིན་འཚོའི་རྗེས་དེད་ནས་རྨ་ཆེན་རྫོང་བུ་བཅོལ་ཁང་དུ་སླེབས་པ་དང་། བྱིས་པ་རྣམས་ཀྱིས་སློབ་གྲོགས་དང་དགེ་རྒན་ལ་འཚམས་འདྲི་བྱས་རྗེས། ལག་པ་བཀྲུས་ནས་ནངས་ཇ་འཐུང་བ་དང་། ཉིན་གཅིག་གི་དགའ་སྤྲོའི་འཚོ་བ་ཡང་དེ་ནས་མགོ་བརྩམས། བུ་བཅོལ་ཁང་གི་འགོ་གཙོ་ཚེ་རིང་སྒྲོལ་མས་ངོ་སྤྲོད་བྱས་པ་ལྟར་ན།  བྱིས་པ་རྣམས་ཀྱི་ཉིན་གཅིག་གི་ཐོག་མ“གུས་ལུགས”ནས་མགོ་བརྩམས་ཏེ།  ཤེས་བྱ་དང་རྩལ་ནུས་སོགས་ཀྱི་སྦྱོང་བརྡར་རྒྱ་བསྐྱེད་པ་དང་། སློབ་ཁྲིད་ཆེད་ལས་ཅན་དང་སློབ་གྲྭའི་མཁྲེགས་ཆས་གང་ཡིན་རུང་། བྱིས་པ་རྣམས་ཀྱིས་དང་ལེན་དང་ལོངས་སུ་སྤྱོད་པ་ནི་གྲོང་ཁྱེར་གྱི་བྱིས་པ་དང་ཁྱད་པར་ཅི་ཡང་མེད།

ད་ལྟའི་མགོ་ལོག་ཁུལ་དུ་སློབ་སྔོན་སློབ་གསོའི་སློབ་མ་སློབ་གྲྭར་ཞུགས་ཚད87.07﹪ལ་སླེབས་ཡོད། དགེ་རྒན་གྱི་སྟོབས་ཤུགས་ཀྱང་སྔོན་ཆད་ཀྱི“འཚོ་བར་ལྟ་རྟོག་བྱེད་མཁན”ནས་མིག་སྔའི་ལས་རིགས་ཅན་དུ་བསྒྱུར་ཡོད། སློབ་སྔོན་སློབ་གསོའི་ཆེད་ལས་མཐར་ཕྱིན་སློབ་མ་དང་། ལས་ཐོག་དགེ་རྒན་རྣམས་ལ་ཆེད་ལས་གསོ་སྐྱོང་སྦྱོང་བརྡར་བྱས་ནས་ཚད་ལོན་རྗེས་ལས་གནས་སྟེང་ཞུགས་སུ་བཅུག་ཡོད་པས། མགོ་ལོག་ཁུལ་གྱི་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་སྟོབས་ཤུགས་དང་སློབ་གསོའི་ཆུ་ཚད་ཆེད་ལས་ཅན་དུ་གྱུར་ཡོད།

ས་གནས་ཤིག་གི་འཕེལ་རྒྱས་ནི་འཇོན་མི་དང་ཁ་འབྲལ་ཐབས་མེད་ལ། འཇོན་མི་གསོ་སྐྱོང་བྱ་རྒྱུ་དེ་སློབ་གྲྭ་དང་ཁ་འབྲལ་ཐབས་མེད། མགོ་ལོག་ཁུལ་གྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་བ་དེ“སློབ་གསོ”ནས“གསོ་སྐྱོང”བྱེད་པའི་བར་དང་། དེ་ནས་ད་ལྟའི“སློབ་གྲྭར་འགྲིམ་དགོས་ལ། དེ་བས་ཀྱང་སློབ་གྲྭ་བཟང་པོ་འགྲིམ་པའི” བར།  སློབ་ཁྲིད་བྱེད་སྟངས་དང་སློབ་གསོའི་འདུ་ཤེས་དེ་སློབ་གསོ་དར་རྒྱས་ཆེ་བའི་ས་ཁུལ་དུ་མིག་དཔེར་འཛིན་པ་དང་དེའི་རྗེས་སུ་འབྲང་ཡོད། མགོ་ལོག་ཁུལ་གྱི་མི་རབས་ནས་མི་རབས་བར་གྱི་སློབ་གསོའི་རྒྱུན་མཐུད་འབད་བརྩོན་ལས། ས་གནས་ཀྱི་སློབ་གསོའི་འཕེལ་རྒྱས་དེ་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཆེས་མགྱོགས་པ་དང་། སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་པ་ཆེས་མངོན་གསལ་ཡིན་པ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱུང་བ་ཆེས་མངོན་གསལ་ཡིན་པ། མང་ཚོགས་ཆེས་ཡིད་ཚིམ་པའི་དུས་སྐབས་ཤིག་རེད།

ཉེ་ལམ།  མགོ་ལོག་ཁུལ་རྟ་བོ་མི་རིགས་སློབ་འབྲིང་གི་མཐོ་གཅིག་འཛིན་གྲྭ་གཉིས་པའི་ནང་དུ་རྣམ་པ་གསར་སྐྲུན་གྱི5Gརྒྱང་བསྟེན་སློབ་ཁྲིད་བྱེད་མགོ་བརྩམས། སློབ་ཁང་ནང་གི5Gདྲ་རྒྱའི་སྒྲིག་ཆས་དང་། དྭངས་གསལ་བརྙན་ཤེལ་ཆེན་པོ་བརྒྱུད་ནས། སློབ་མ་རྣམས་ཀྱིས་སློབ་ཁྲིད་བྱེད་སྟངས་གསར་རྐྱང་ཞིག་ཚོར་ཐུབ་པར་མ་ཟད། བརྙན་རིས་ཁྲོད་ཀྱི་སློབ་ཁྲིད་དགེ་རྒན་དང་སྦྲེལ་མཐུད་བྱས་ནས་མཉམ་འགུལ་བྱེད་ཆོག་པས་སློབ་མ་རྣམས་ཀྱི་སྤྲོ་སེམས་རབ་ཏུ་རྒྱས།

“ནང་དོན་ལ་ལ་ཞིག་ཧ་ཅང་གོ་དཀའ་བས་སྔོན་ཆད་དུས་ཡུན་རིང་པོ་ཞིག་ལ་བཤད་དགོས་ལ། བྱིས་པ་རྣམས་ཀྱིས་ཀྱང་གོ་བ་ལོན་དཀའ། བློ་རིག་སློབ་གསོའི་སྟེགས་བུ་བརྒྱུད་ནས། ཁོ་ཚོས་ཐད་ཚོར་ལ་བརྟེན་ནས་སློབ་ཁྲིད་ཀྱི་ཤེས་བྱར་གོ་བ་ལེན་ཐུབ” ཅེས་འཛིན་བདག་ཕག་མོ་སྐྱིད་ཀྱིས་གསར་འགོད་པར་དེ་ལྟར་བཤད། ད་ལྟ་སློབ་གསོའི་མཉེན་ཆས་དང་རིག་ནུས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ལ་བརྟེན་ནས་སློབ་ཁྲིད་བྱེད་ཆོག་པར་མ་ཟད། ད་དུང་དྲ་བ་བརྒྱུད་དེ་ཧྲང་ཧའེ་སོགས་སློབ་གསོ་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་རྣམས་དང་མཉམ་འགུལ་གྱིས་སློབ་ཁྲིད་བྱེད་ཐུབ་ལ། ཐད་གཏོང་བརྒྱུད་ནས་བྱིས་པ་རྣམས་ལ་དྲ་ཐོག་ནས་སློབ་ཁྲིད་བྱེད་པ་བརྒྱུད་ནས། སྐུད་སྦྲེལ་དང་སློབ་དཔྱོད་ཚན་ཆུང་གི་དགེ་རྒན་རྣམས་ཀྱིས་མཉམ་དུ་ཁྲིད་གཞིར་གྲོས་བསྡུར་བྱེད་ཆོག

2022ལོར་ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་བརྒྱད་པས“སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བཏོན་པ་དང་།《ཆ་འཕྲིན་ཅན་གྱི་སློབ་གསོའི2.0འགུལ་སྐྱོད་འཆར་གཞི》ཡང་དེ་ནས་བཟུང་མགོ་བརྩམས་པ་རེད། 《མགོ་ལོག་གི་སློབ་གསོ་ཆ་འཕྲིན་ཅན་གསར་གཏོད་བཀོལ་སྤྱོད་ལག་བསྟར་འཆར་གཞི》ལྟེ་བ་ཡིན་པ་དང་།  སློབ་གསོའི་སྤྲིན་སྟེགས་རྒྱབ་རྟེན་ཡིན་པ། བློ་གྲོས་སློབ་ཁྲིད་ཉེར་སྤྱོད་རྨང་གཞི་ཡིན་པ། “སློབ་གྲྭ་སོ་སོར་ཁེབས་པ་དང་། གོང་འོག་མཉམ་འགུལ།  ཐོན་ཁུངས་མཉམ་སྤྱོད”ཀྱི“སྤྲིན་སྣེ”སློབ་གསོ་ཆ་འཕྲིན་ཅན་གྱི་མ་ལག་དེ་མགོ་ལོག་ཁུལ་དུ་ཁྱབ་གདལ་བྱེད་མགོ་བརྩམས་པ་རེད།  ད་ལྟ90%ཡན་གྱི་སློབ་གྲྭར“བློ་རིག་སློབ་གསོའི་གཞི་གྲངས་ཆེན་མོའི་སྤྲིན་སྟེགས་དྲ་རྒྱའི་སློབ་སྦྱོང་གི་བར་སྟོང”ཡོད་པ་རེད།   མགོ་ལོག་ཁུལ་གྱིས་ད་དུང“ ལོ་ལྔའི་འཆར་འགོད་བཅུ་བཞི་བ”ཡི་མཇུག་ཏུ། “བློ་རིག་སློབ་ཁང”དང“བློ་རིག་སློབ་ར”ཡི་ཚོད་ལྟ་སློབ་གྲྭ།“བློ་རིག་སློབ་གསོའི་དཔེ་སྟོན་རྫོང” སྐོར་ཞིག་འཛུགས་རྒྱུ་རེད།

སློབ་གྲྭའི་མཁྲེགས་ཆས་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། མགོ་ལོག་ཁུལ་གྱིས2023ལོར་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་བཏང་སྟེ། སློབ་གསོའི་འཛུགས་སྐྲུན་ལས་གཞི་ཁག182དོན་འཁྱོལ་བྱས་ནས།  མཁྲེགས་ཆས་དང་མཉེན་ཆས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བས། སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། 2023ལོའི་མཐོ་རྒྱུགས་ཁྲོད། མགོ་ལོག་ཁུལ་ཁོངས་ཀྱི་མཐོ་འབྲིང3དུ་བསྡོམས་པས་མི168དངོས་གཞིའི་ཚན་ཁག་གི་སྐར་གྲངས་ཚད་ཐིག་ཏུ་སླེབས་པ་དང་། མཐོ་རྒྱུགས་ཀྱི་སྐར་གྲངས་ཚད་ལ་ཐོན་ཚད30.77%ལ་སླེབས་ནས། མཐོ་རྒྱུགས་ཀྱི་སྐར་འབྲས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་རེད།

མགོ་ལོག་གི་འཕེལ་རྒྱས་ཐད་འཇོན་མིའི་སྟོབས་ཤུགས་གསོག་འཇོག་བྱེད་ཆེད། 2014ལོར། མགོ་ལོག་ཁུལ་གྱིས“སྤྱི་ཡོངས་འཆར་འགོད་དང་། སྤྱི་ཡོངས་གནས་སྤོ་སོགས་ཀྱི་རིག་ལམ་ལྟར།  སློབ་ཁྲིད་དང་དངོས་སྦྱོང་གཞི་གཅིག་ཡིན་པའི་ཚད་ལྡན་ཅན་གྱི་ལས་རིགས་སློབ་གྲྭ་བསྐྲུན་པ་རེད།  “འབྲོག་ཁུལ་གྱི་བྱིས་པ་སྔར་ལས་མང་པོས་ལག་རྩལ་སྣ་གཅིག་ཤེས་ཆེད། ང་ཚོས་སྔར་ཡོད་ཀྱི་བདག་སྐྱོང་དང་། ཕྱུགས་རིགས་སྨན་བཅོས། བོད་ལུགས་སྨན་བཅོས་དང་བོད་སྨན་ཆེད་ལས་བཅས་ཀྱི་རྨང་གཞིའི་སྟེང་། ས་གནས་ཀྱི་འཕེལ་རྒྱས་ཐད་མཁོ་བ་དང་། ལས་ཞུགས་ཚད་མཐོ་བའི་ཆེད་ལས་ཁ་སྣོན་བྱས་པ་ཡིན”ཞེས་སློབ་གྲྭའི་སློབ་གཙོ་ཏིའུ་ཡུས་ཨུན་གྱིས་དེ་ལྟར་བཤད་པ་དང་།  ད་ལྟ་སློབ་གྲྭས་རླངས་འཁོར་ཞིག་གསོ་དང་། རླངས་འཁོར་ལ་རྩི་བྱུགས་པ།  ཞིག་གསོ་སྲུང་སྐྱོབ་སོགས་གཞུང་ལུགས་དང་ལག་ལེན་གཞི་གཅིག་ཅན་གྱི་དངོས་སྦྱོང་ལྟེ་གནས་དང་། དེ་མིན་སྐར་རིམ་མགྲོན་ཁང་གཉེར་སྐྱོང་གི་བྱ་བ་དངོས་དང་དོ་དམ། ཕྱུགས་ལས་ཐོན་སྐྱེད་ལག་རྩལ། སློབ་སྔོན་སློབ་གསོའི་ཆེད་ལས་སྦྱོང་བརྡར། ལག་རྩལ་ཆེད་སྦྱོང་།  སློབ་ཁྲིད་བཀོད་སྒྲིག“གཞུང་ལུགས་དང་ལག་ལེན་གཞི་གཅིག་ཅན”གྱི་སློབ་གསོ་སློབ་ཁྲིད་སོགས་ཀྱི་དགོས་མཁོ་བསྐངས་ཡོད་ཟེར།

མགོ་ལོག་ཁུལ་གྱི་ལས་རིགས་སློབ་གསོའི་ཞན་ཆ་གསབ་ནས་མྱུར་མཁོ་ཆེད་ལས་ལག་རྩལ་རིགས་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཆེད། མགོ་ལོག་ཁུལ་གྱིས་ད་དུང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་འཇོན་མི་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས། ཞིང་ཆེན་ནང་ཁུལ་དང་ཧྲང་ཧའེ་སོགས་ས་ཁུལ་གྱི་ཁེ་ལས་མང་པོར་མཉམ་འབྲེལ་བྱས་ཏེ། “མཉམ་འདུས”ཀྱི་ནང་དོན་དེ་འཇོན་མི་གསོ་སྐྱོང་དམིགས་འབེན་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ཞུགས་པ། དངོས་སྦྱོང་ལག་ལེན། དགེ་རྒན་གསོ་སྐྱོང་སོགས་ཀྱི་ཐད་ནས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། “འཇོན་མི་མཉམ་དུ་གསོ་སྐྱོང་དང་། བརྒྱུད་རིམ་མཉམ་དུ་དོ་དམ། གྲུབ་འབྲས་མཉམ་དུ་ལོངས་སྤྱོད་པ”མངོན་འགྱུར་བྱས། མིག་སྔའི་བར་དུ་བསྡོམས་པས་སྐོར་ཐེངས4ལ་སློབ་མ100ལྷག་ཁེ་ལས་ཀྱི་ལས་གནས་སུ་དངོས་སྦྱོང་བྱེད་དུ་མངགས་པ་དང་ཆབས་ཅིག མགོ་ལོག་ཁུལ་གྱིས་ད་དུང་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ8དང་མཉམ་དུ “ལོ་ལྔའི་ལམ་ལུགས”ཀྱི་མཉམ་འབྲེལ་འཇོན་མི་གསོ་སྐྱོང་བྱེད་པའི་དཔེ་དབྱིབས་ལག་བསྟར་བྱས་ཏེ། སློབ་གྲྭའི་ཆེད་ལས་སོ་སོའི་ནང་གི་མཐོ་རིམ་ཆེད་ལས་འབྲེལ་མཐུད་ཚད100% མངོན་འགྱུར་བྱུང་བ་དང་། 2023 ལོར་སློབ་རིམ་འཕར་ཚད98%ཡན་ལ་སླེབས་པ་རེད།

གཞི་གྲངས་ཚན་པ་རེ་རེ་དང་། ཐོད་བརྒལ་རེ་རེས་མགོ་ལོག་གི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་ར་སྤྲོད་བྱས་ཡོད། ད་ལྟ་ཁོ་ཚོ་དེང་རབས་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་འབད་པས་སྐྱོད་ཀྱིན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།