རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་སྤེལ་ནས་ལོ་ངོ30འགོར་བའི་རིང་ལ་མི་དམངས་ཀྱི་ཁེ་དབང་འགན་སྲུང་ཟོལ་མེད་བྱས་པ་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་བཏང།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ད་ལོ་ནི་རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་སྤེལ་ནས་ལོ་ངོ30འགོར་བའི་ལོ་ཡིན་པ་དང་། ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་ཀྱི་སྐྱིན་ཚབ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་སྐྱིན་ཚབ་བྱ་བས་ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་ནི་རྩ་ཁྲིམས་བརྩི་འཇོག་དང་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་རྩ་དོན་དངོས་འབེབས་བྱེད་པའི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན་ཞིང་། 1994ལོའི་ཟླ5ཚེས12ཉིན། སྐབས་བརྒྱད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ་ནས་རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། 1995ལོའི་ཟླ་དང་པོ་ནས་བཟུང་། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྐྱིན་ཚབ་རེ་ཞུ་ཐག་གཅོད་བྱས། 2010ལོ་དང་2012ལོར། རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་ལ་སྔ་གཞུག་ཐེངས་གཉིས་ལ་བཟོ་བཅོས་བྱས་ཏེ་སྐྱིན་ཚབ་སྤྲོད་པའི་ལས་རིམ་བཀག་མེད་ཡོང་བར་བྱས་པ་དང་། སྐྱིན་ཚབ་སྤྲོད་པའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་ནས་གྲོན་དངུལ་འགྲོ་སོང་ལ་སྔར་ལས་འགན་སྲུང་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཟོལ་མེད་ཀྱིས་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་ཤིང་། བསམ་འཆར་ཡོད་པའི་ཉེས་དོན་སྐོར་ཞིག་ལ་ཁྲིམས་ལྟར་ཡོ་བསྲང་བྱས་པ་དང་། སྐྱིན་ཚབ་རེ་ཞུ་མི་སྣར་ཁྲིམས་ལྟར་སྐྱིན་ཚབ་ཐོབ་ཡོད།

ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཁྲིམས་ཁང་གིས་ལོ་ངོ30རིང་ལ་བསྡོམས་པས་སྲིད་འཛིན་སྐྱིན་ཚབ་འདུས་པའི་རྒྱལ་ཁབ་ཀྱི་སྐྱིན་ཚབ་སྤྲོད་པའི་གྱོད་དོན་ཁྲི31.8ཐག་གཅོད་བྱས་པ་དང་། མིའི་རང་དབང་ལ་གནོད་སྐྱེལ་བའི་ཉིན་རེའི་སྐྱིན་ཚབ་མ་དངུལ་གྱི་ཚད་གཞི་དེ1995ལོའི་སྒོར17.76ནས2023ལོའི་སྒོར436.89བསླེབས།

ལོ་ངོ30རིང་ལ། རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་ཀྱི་དངོས་བཀོལ་ཚད་ལྡན་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་སོང་། ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་རྒྱལ་ཁབ་ཀྱི་སྐྱིན་ཚབ་ཀྱི་ཁྲིམས་འཛིན་འགྲེལ་བརྗོད་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྐོར་ཞིག་གཏན་འབེབས་བྱས་ནས་འཐུས་ཚང་དུ་བཏང་སྟེ། མཛུབ་སྟོན་རང་བཞིན་ལྡན་པའི་གྱོད་དོན་དང་དཔེ་སྟོན་གྱོད་དོན་བརྒྱ་ཙམ་ཁྱབ་བསྒྲགས་བྱས། མཐོ་རིམ་ཁྲིམས་ཁང་དང་མཐོ་རིམ་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་འགྲེལ་བརྗོད་བཏོན་ནས་དོགས་གཞི་ཡོད་པའི་གྱོད་དོན་དེ་རྒྱལ་ཁབ་ཀྱི་སྐྱིན་ཚབ་ཞིབ་བཤེརར་ཁྱབ་ཁོངས་སུ་བཞག་སྟེ། ཁག་ཐེག་པ་བཙལ་ནས་དཔྱད་ཞིབ་བྱེད་པར་སྒུག་པ་དང་སྡོད་གནས་ལ་ལྟ་རྟོག་བྱེད་པ་སོགས་དམིགས་བསལ་གྱི་གནས་བབ་འོག་ཁྲིམས་ལྟར་གྱོད་དོན་མཇུག་འབྲས་བཏོན་མེད་པའི་དེར་འབྲེལ་མི་སྣས་རྒྱལ་ཁབ་ཀྱི་སྐྱིན་ཚབ་བླངས་ཆོག་པ་གཏན་འཁེལ་གསལ་བོ་བྱས་ཡོད། ཆེས་མཐོའི་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ་ཡི་མཉམ་འབྲེལ་གྱིས་བསམ་འཆར་བཏོན་ནས། དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་སྐྱིན་ཚབ་སྤྲོད་པར་སྟབས་བདེ་བཟོས་པ་དང་། བཙོན་ཁང་གི་དོ་དམ་ལས་ཁུངས་ཀྱིན་སྐྱིན་ཚབ་སྤྲོད་པའི་ངོས་འཛིན་སྒྲིག་ལམ་གཏན་འཁེལ་གསལ་བོ་བྱས་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་སོགས་སྡེ་ཁག་མང་བོས་རྒྱལ་ཁབ་ཀྱི་སྐྱིན་ཚབ་སྤྲོད་པའི་མཉམ་ཞུགས་གྲོས་ཚོགས་ཀྱི་རྐྱེན་སྲོལ་བཙུགས་ཏེ། བཅའ་ཁྲིམས་གཅིག་གྱུར་ལག་བསྟར་བྱེད་པར་ཁག་ཐེག་བྱས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་དང་ནོར་སྲིད་སྡེ་ཁག་གིས་འབྲེལ་འདྲིས་རྐྱེན་སྲོལ་བཙུགས་ནས་དུས་ལྟར་སྐྱིན་ཚབ་མ་དངུལ་སྟེར་བ་དང་། འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་སྒོས་བསམ་འཆར་ཡོད་པའི་གྱོད་དོན་གྱི་འབྲེལ་ཡོད་མི་སྣའི་དཀའ་ཁག་ཐག་གཅོད་དང་འགན་སྲུང་འདོན་སྤྲོད་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་དང་བསྟུན་པར་རོགས་རམ་བྱས།

རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་འགན་དབང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་ཀྱི་སྐྱིན་ཚབ་བཅའ་ཁྲིམས་གཏན་འབེབས་ལག་བསྟར་བྱེད་པའི་དམིགས་འབེན་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། སྲིད་ཁྲིམས་ལས་ཁུངས་སོ་སོས་བྱེད་ཐབས་མང་བོ་མཉམ་འཛིན་བྱས་ཏེ་རྩ་བའི་ཐོག་ནས་སྐྱིན་ཚབ་སྤྲོད་པའི་གྱོད་དོན་འབྱུང་ཚད་ཇེ་ཉུང་དུ་བཏང་། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་སློབ་གཙོ་མཱ་ཧོའེ་ཏི་ཡིས་བསྟན་དོན། རྒྱལ་ཁབ་སྐྱིན་ཚབ་བཅའ་ཁྲིམས་ཀྱིས་དབང་འཕྲོག་ཁྱབ་ཁོངས་དང་འགན་འཁྲིའི་ཁྱབ་ཁོངས་གསལ་བོ་བྱས་ཏེ། སྐྱིན་ཚབ་རྗེས་འདེད་ལམ་ལུགས་གཏན་འཁེལ་བྱས་ནས། ཚད་ལྡན་དང་ལྟ་རྟོག་གི་སྲིད་འཛིན་དབང་ཆ་དང་ཁྲིམས་འཛིན་དབང་ཆའི་རྐྱེན་སྲོལ་ཆགས་པར་བྱས། རྒྱལ་ཁབ་ཀྱི་སྐྱིན་ཚབ་བྱ་བ་དེ་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་དབང་ཤུགས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱས་ནས། འདྲ་མཉམ་སྤྱོད་གཙང་དང་ནུས་མཐོའི་ཁྲིམས་འཛིན་ལག་བསྟར་མངོན་འགྱུར་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་འཇོག་དགོས།

རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་སྐྱིན་ཚབ་བཅའ་ཁྲིམས་བཟོ་བཅོས་བྱེད་པ་དེ་སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ནང་བཞག་ཡོད། ཧྭ་ནན་དགེ་འོས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཞོས་ཀང་ལིན་གྱིས་བལྟས་ན། རྒྱལ་ཁབ་ཀྱི་སྐྱིན་ཚབ་སྤྲོད་པའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་ཆོག་པ་དང་། ལས་རིམ་སྔར་ལས་སྟབས་བདེ་དང་འདྲ་མཉམ་ཡོང་བར་བྱས་ཆོག་ལ། ཚད་གཞི་ཡང་མུ་མཐུད་དུ་མཐོར་འདེགས་བྱས་ཆོག རྒྱལ་ཁབ་སྐྱིན་ཚབ་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་སོང་བ་ལས་འགྲོ་མིའི་ཐོབ་ཐང་གི་འགན་སྲུང་བྱེད་ནུས་སྔར་ལས་མངོན་གསལ་དུ་འགྱུར་སྲིད་ལ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།