ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་སྐོར་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། དུས་རབས་གསར་བའི་བསྐྱོད་ལམ་གསར་བ་རུ་དེང་རབས་གནས་སྐོར་ལས་རིགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གནས་སྐོར་གྱི་རྒྱབ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ནས་རེ་བ་གསར་བ་བཏོན་པ་དང་བཀོད་སྒྲིག་གསར་བ་བྱས་ཏེ། གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་བརྟན་བརླིང་དང་ཡུན་རིང་པོར་འཕེལ་རྒྱས་སུ་གཏོང་ཆེད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།
གནས་སྐོར་ལས་རིགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་ལས་རིགས་གཙོ་བོ་ཡིན་ལ། ཐོན་ལས་ཀྱི་འབྲེལ་བའི་ཚད་མཐོ་བ་དང་ལས་ཞུགས་བཀོད་སྒྲིག་གི་བར་སྟོང་ཆེ་ཞིང་། ཐོན་ཁུངས་ཟད་གྲོན་ཉུང་བ་དང་སྒོ་འབྱེད་ཤོང་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། ལས་གཅིག་འཕེལ་ན་ལས་བརྒྱ་དར་བའི་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན། གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་འདོད་སྐོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤགས་འདོན་ས་གལ་ཆེན་དང་། ཀྲུང་ཧྭ་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་འདྲེན་བྱེད་གལ་ཆེན། དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་ཁྱབ་ཁོངས་གཙོ་བོ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བའི་སྟོབས་ཤུགས་གསར་བ། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མཐོར་འདེགས་གཏོང་བའི་ལམ་བུ་གལ་ཆེན་བཅས་ཡིན་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་དམངས་བསམ་དམངས་ཕྱུག་དང་དམངས་ཕན་དམངས་སྐྱིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད།
བཅོས་བསྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་གནས་སྐོར་འཕེལ་རྒྱས་དེ་མགྱོགས་བགྲོད་འཁོར་ལམ་དུ་ཞུགས། 2012ལོ་ནས2021ལོའི་བར་དུ། རྒྱལ་ནང་གི་གནས་སྐོར་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་དང་གྲངས་ཆུང་དྲུག་འཕར་བ་དང་། 2012ལོ་ནས2019ལོའི་བར་དུ། རྒྱལ་ནང་གི་གནས་སྐོར་མི་ཐེངས་ལྡབ་འཕར་བྱུང་། རང་རྒྱལ་དུ་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་རྒྱལ་ནང་གི་གནས་སྐོར་ཚོང་ར་ཆགས་པ་དང་། རྒྱལ་སྤྱིའི་གནས་སྐོར་གྱི་ཆེས་ཆེ་བའི་མགྲོན་ཁུངས་རྒྱལ་ཁབ་དང་དམིགས་འབེན་ས་ཆ་གཙོ་བོར་གྱུར་ལ། གནས་སྐོར་ལས་རིགས་དེ་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་བ་དང་། ཉིན་རེ་བཞིན་གསར་དུ་དར་བའི་འཐབ་ཇུས་རང་བཞིན་གྱི་སྲོག་ཤིང་ཐོན་ལས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་དམངས་ཚིས་ཐོན་ལས། བདེ་སྐྱིད་ཀྱི་ཐོན་ལས་སུ་གྱུར་ལ། ཁྱད་ཆོས་ལྡན་པའི་ཀྲུང་གོའི་གནས་སྐོར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད། ཉེ་བའི་ལོ་འགའི་རིང་ལ། གུང་གསེང་སྐབས་ཀྱི་གནས་སྐོར་ཚོང་ར་ཧ་ཅང་དར་ཞིང་། ཁྲོམ་སྲང་གི་མི་ཧ་ཅང་མང་ལ། དྲ་གྲགས་ལྗོངས་རྒྱུ་ཁུལ་ཆད་པ་མེད་པར་བྱུང་བ་དང་། རིག་གནས་གནས་སྐོར་དང་གསར་བརྗེའི་གནས་ཤུལ་གནས་སྐོར། ཞིབ་སློབ་གནས་སྐོར། གཟུགས་འདས་ཤུལ་བཞག་རིག་གནས་གནས་སྐོར་སོགས་ཇེ་རྒྱས་ཇེ་དར་ཡིན་ལ། རིག་གནས་གནས་སྐོར་གྱི་ལས་རྣམ་གསར་བ་དང་མ་དཔེ་གསར་བ་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ནས། རང་རྒྱལ་གྱི་གནས་སྐོར་འཕེལ་རྒྱས་ཀྱི་མཛེས་ལྗོངས་སུ་གྱུར་ཡོད།
དུས་རབས་གསར་བའི་བསྐྱོད་ལམ་གསར་བར། གནས་སྐོར་འཕེལ་རྒྱས་ཐད་ནས་གོ་སྐབས་གསར་བ་དང་འགྲན་རྩོད་གསར་བ་ཐུག་ཡོད། གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་བརྟན་བརླིང་དང་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དྲང་སྲུང་གསར་གཏོད་དང་སྤུས་འདེགས་ནུས་སྤེལ། མཉམ་བསྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་དང་ཚོང་ར་དང་། མཁོ་འདོན་དང་དགོས་མཁོ། སྲུང་སྐྱོབ་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་གཅིག་འདོམས་བྱས་ཏེ། དེང་རབས་གནས་སྐོར་ལས་རིགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གནས་སྐོར་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་གནས་སྐོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་དགོངས་པ་དང་གཞི་རྩའི་འདུ་ཤེས། བྱ་བའི་གཙོ་གནད་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འབྲེལ་བ་གལ་ཆེན་ཆ་ལྔར་ཐག་གཅོད་ཡང་དག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།
གཙོ་གནད་དམ་འཛིན་བྱས་ནས་ཆ་ཤས་སོ་སོར་སྣེ་ཁྲིད་བྱེད་དགོས། གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་བརྟན་བརླིང་དང་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི། མ་ལག་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་མ་ལག་ཇུས་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་ཤུགས་སྣོན་དགོས། རིག་གནས་ཤུལ་བཞག་དང་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ན། རིག་གནས་ཀྱི་སྣེ་ཁྲིད་དང་སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་མ་དཔེ་གསར་གཏོད་བྱས་ནས། རིག་གནས་ཀྱི་གོ་དོན་དང་ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་གཙོ་བོ་དེ་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་དགོས། མཁོ་འདོན་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་ན། ཐོན་ལས་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་གནས་སྐོར་ཐོན་རྫས་ཀྱི་མཁོ་འདོན་བྱེད་ཤུགས་ཆེར་གཏོང་བ། གནས་སྐོར་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། གནས་སྐོར་འཛད་སྤྱོད་ཀྱི་མྱོང་ཚོར་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། རྒྱལ་སྤྱིའི་གནས་སྐོར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་ན། རིག་གནས་བརྗེ་རེས་དཔེ་འཛིན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་གནས་སྐོར་བཅོས་སྐྱོང་མ་ལག་བཅོས་བསྒྱུར་དང་འཛུགས་སྐྲུན་ཁྲོད་ཞུགས་ནས། འཛམ་གླིང་ཡོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་ཆེད་ཀྲུང་གོའི་རིག་སྟོབས་དང་ཀྲུང་གོའི་ཇུས་གཞི་འབུལ་དགོས།
མིག་སྔར། རང་རྒྱལ་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་དེ་འཐབ་ཇུས་གོ་སྐབས་ཀྱི་དུས་རིམ་གལ་ཆེན་དུ་གནས་པ་དང་། གནས་སྐོར་གྱི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པའི་དུས་སྐབས་བཟང་བོ་ཡིན་ལ། རེ་ལྟོས་ཆེན་པོ་ཡོད། ང་ཚོས་བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བྱ་བའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིག་གནས་ལ་བརྟེན་ནས་གནས་སྐོར་བཟོ་སྐྲུན་བྱེད་པ་དང་གནས་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱད་ཆོས་ལྡན་པའི་ཀྲུང་གོའི་གནས་སྐོར་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པ། གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་སྟེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།