སྡེ་ཁུལ་ཆུང་ཆུང་གི་བདེ་སྐྱིད་འཚོ་བ།
2024.05.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

ཡུས་ཧྲུའུ་བོད་རིགས་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་འདྲེ་ལུང་མདའ་སྡེ་ཁུལ་གྱི་བུ་གཡང་ཚེ་ཐར་གྱིས་དེ་རིང་ཁྱིམ་ན་མི་མེད་པས་ཁྱོད་ཚོས་ཟ་མ་སྐྱེལ་དགོས་ཞེས་རྒྱུས་མངའ་ཡོད་པའི་སྒོ་ནས་སྡེ་ཁུལ་དུ་ཁ་པར་བཏང་ནས་གུང་ཟས་སྔོན་མངགས་བྱས།

སྡེ་ཁུལ་གྱི་ལས་བྱེད་མི་སྣས་གསར་འགོད་པར་བཤད་རྒྱུར། བུ་གཡང་ཚེ་ཐར་ད་ལོ་ལོ81ཡིན་པ་དང་། ཁྱིམ་དུ་བུ་བུ་མོ་གཉིས་ཡོད་མོད། འོན་ཀྱང་ལུས་པོ་བདེ་ཐང་མིན་པས་རྒན་པར་གཉོར་སྐྱོང་བྱེད་མི་ཐུབ། དེ་བས་བུ་གཡང་ཚེ་ཐར་ནི་སྡེ་ཁུལ་གྱི་བརྩེ་སེམས་ཟ་ཁང་གི་མགྲོན་པོ་གཙོ་བོར་གྱུར་ཡོད།

2023ལོའི་ཟླ9པར། འདྲེ་ལུང་མདའ་སྡེ་ཁུལ་གྱིས་བརྩེ་སེམས་ཟ་ཁང་གཉེར་མགོ་ཚུགས་ཤིང་། ཟ་ཁང་ཆུང་བ་དེ་ཁོངས་གཏོགས་ས་ཁུལ་གྱི་མི་རྒན་པར་རིན་མེད་ཀྱི་ཟ་མ་བཟའ་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད་པར་མ་ཟད། ད་དུང་སྡེ་ཁུལ་གྱིས་རྩ་འཛུགས་བྱས་ཏེ་རྒན་པར་རོགས་རམ་དང་རྒན་པར་གཅེས་སྐྱོང་བྱེད་སའི་བྱ་འགུལ་སྤེལ་སའི་གནས་ཤིག་ཏུའང་གྱུར་ཡོད།

བརྩེ་སེམས་ཟ་ཁང་དེ་ཆེ་རྒྱུ་མེད་ཀྱང་། དེ་རུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་མདུན་ཅོག་དང་རྐུབ་སྟེགས་ཡོད་ལ། གཙང་ཞིང་གྲལ་དག་པའི་ཟ་ཁང་གི་བཀོད་པས་མི་རྣམས་ལ་རང་ཁྱིམ་དུ་ཡོད་པའི་སྣང་བ་ཞིག་སྦྱིན་ཡོང་། སྡེ་ཁུལ་གྱིས་ཉིན་རེར་སྔོན་མངགས་བྱེད་པའི་མི་གྲངས་ལ་གཞིགས་ནས། ཟ་ཁང་གི་ཇ་མས་རྒན་པའི་ཡི་ག་ལྟར་ཟ་མ་གཡོས་སྦྱོར་བྱེད་བཞིན་ཡོད། དུས་ཆེན་དང་གུང་གསེང་གི་སྐབས་སུ་སྡེ་ཁུལ་གྱིས་ཁོངས་གཏོགས་ས་ཁུལ་གྱི་རྒན་པ་རྣམས་མཉམ་གཅིག་ཏུ་བསྡུས་ནས་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་རྩ་འཛུགས་བྱེད་བཞིན་ཡོད།

སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་ལྷ་མོས་བཤད་རྒྱུར། “ང་ཚོའི་སྡེ་ཁུལ་དུ་ལོ་ན65ཡན་གྱི་རྒན་པ98ཡོད། དེའི་ནང་ལོ་ལོན་ཁེར་འདུག་ཡོད་ལ་ན་གཞོན་རྣམས་ཕྱི་ཕྱོགས་ལ་ཞོར་ལས་སུ་སོང་ནས་གཉོར་སྐྱོང་བྱེད་མ་ཐུབ་པའི་རྒན་པའང་ཡོད། རྒན་པ་རྣམས་ལོ་ལོན་རྗེས་ཟ་མའི་སྐོར་ནས་འཕྲོད་མི་འཕྲོད་ཅི་རིགས་ཡོད་པས་བརྩེ་སེམས་ཟ་མ་གཡོས་སྦྱོར་བྱེད་རྒྱུ་ཅུང་སྟབས་བདེ་བོ་ཡིན། རྒྱུན་པར་ང་ཚོས་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་ཏེ་ཚང་མར་འདི་ནས་ཚོད་མ་ལས་སུ་འཇུག་པ་དང་། འཁྲབ་སྟོན་ལ་བལྟ་རུ་འཇུག་པ། རིག་ནུས་ཁ་པར་སྤྱོད་སྟངས་སློབ་པ་སོགས་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་ཏེ། རྒན་པ་རྣམས་སྡེ་ཁུལ་གྱི་འཚོ་བའི་ཁྲོད་འདྲེས་སུ་བཅུག་ཡོད་ལ། ཁོ་ཚོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་ཤེས་རྟོགས་དང་། ད་དུང་ཕྱི་ཕྱོགས་ཀྱི་ཞོར་ལས་ལས་མཁན་ཚོར་བློ་བདེ་ཡོང་བར་འབད་ཀྱིན་ཡོད”ཅེས་ཟེར།

སྟབས་བདེའི་བརྩེ་སེམས་ཟས་ཐུན་གཅིག་གིས་རྒན་པ་དང་སྡེ་ཁུལ་མཉམ་དུ་སྦྲེལ་ནས། རྒན་པར་ཕུན་སུམ་ཚོགས་པའི་འཚོ་བའི་ཁྲོད་ཀྱི་སྐྱིད་སྣང་ཚོར་དུ་བཅུག

བུ་གཡང་ཚེ་ཐར་གྱིས་བཤད་རྒྱུར། “ན་ནིང་ནས་བཟུང་། ངས་སྡེ་ཁུལ་དུ་རིན་མེད་ཟ་མ་བཟའ་ཐུབ་པ་བྱུང་། ཐེངས་རེར་དུས་ཚོད་ལྟར་ས་གནས་སོ་སོར་ཟ་མ་སྐྱེལ་ཡོང་གི་ཡོད་པས། ཇི་ལྟར་བཀའ་དྲིན་ཞུ་དགོས་པའང་མི་ཤེས་ཀི”ཟེར། སྡེ་ཁུལ་གྱི་ལས་བྱེད་མི་སྣས་གུང་ཟས་སྒོ་ཁར་བསྐྱལ་ཡོང་བ་ན། བུ་གཡང་ཚེ་ཐར་གྱིས་ལས་བྱེད་མི་སྣའི་ལག་པར་འཇུས་ཏེ་སེམས་གཏིང་ནས་བཀའ་དྲིན་ཞུས།

བུ་གཡང་ཚེ་ཐར་ནི་ཡུས་ཧྲུའུ་རུ་འཚོ་བ་རོལ་ནས་ཧ་ལམ་ལོ་ངོ30འགོར་ཡོད། སྔོན་ཆད་ཀྱི་སྦྲ་གུར་དེ་དེང་རབས་ཀྱི་སོ་ཕག་དང་ཨར་འདམ་གྱིས་གྲུབ་པའི་ཁང་པར་གྱུར་ཞིང་། སྔོན་ཆད་ཀྱི་སྣུམ་སྒྲོན་ནས་གྲོན་ནུས་གློག་སྒྲོན། སྔོན་ཆད་ཀྱི་ལུང་ཆུ་ནས་དེང་གི་རང་འབབ་ཆུ་བོའི་བར་འགྱུར་ལྡོག་ཧ་ལས་པ་ཞིག་བྱུང་ཡོད།

བུ་གཡང་ཚེ་ཐར་གྱིས་བཤད་རྒྱུར། “ང་ས་ཆ་གཞན་པ་ནས་ཡོང་བ་ཡིན། ཁྱིམ་ཐོ་མེད་པར་ཡུན་རིང་འགོར་ཞིང་། ངའི་ཐོབ་ཐང་ལ་བདེན་དཔང་བྱེད་ཐུབ་པའི་རྒྱུ་ཆ་ཙམ་ཡང་མེད་པས། སྔོན་ཆད་ཁྱིམ་ཐོ་མེད་ཚེ་ས་ཆ་གང་ལའང་འགྲོ་མི་ཐུབ། ཡིན་ཡང་གནས་འདི་རུ་ངའི་དོན་ལ་སེམས་ཁུར་བྱས་ཏེ་སྡེ་ཁུལ་གྱིས་ལོ་འདི་འགའི་རིང་ལ་ཁྱིམ་ཐོ་ལས་པའི་འགྲོ་ལུགས་བསྒྲུབས་ཏེ། ཉིན་འདི་འགའི་སྔོན་ལ་ཁྱིམ་ཐོ་ཡོད་པར་མ་ཟད་ཐོབ་ཐང་ལག་ཁྱེར་ཡང་ཡོད་པ་རེད། དེ་མིན་སྡེ་ཁུལ་གྱིས་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་ཡོད་པས་བྱིས་པ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ཡོད། རང་ཉིད་ཀྱིས་འདི་ལྟ་བུའི་སྲིད་ཇུས་ཤིག་ལོངས་སུ་སྤྱོད་ཐུབ་པ་ཡིད་ལའང་དྲན་མེད”ཟེར། སྐད་ཆ་བཤད་ནས་མཚམས་འདིར་སླེབས་དུས། ཁོས་སེམས་ཆུང་ངང་ཁུག་མའི་ནང་ནས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་བླངས་ནས་བསྟན་བྱུང་། རང་ཉིད་སྡེ་ཁུལ་གྱི་བྱ་འགུལ་ནང་ཞུགས་འདོད་ཆེ་བ་དང་ཚང་མ་དང་མཉམ་དུ་ཁྱིམ་ཚང་གཅིག་ལྟར་དགའ་དགའ་སྤྲོ་སྤྲོ་ཞིག་བྱེད་འདོད་པའི་རེ་བ་བཤད།

ལོ་རེའི་ཟླ་ལྔ་པ་ནི་ཡུས་ཧྲུའུ་ཡི་དབྱར་རྩྭའི་དུས་ཆེན་ལ་འཁེལ་ཡོད་པས། པདྨ་ལྷ་མོས་བཤད་པ་ལྟར་ན་སྐབས་ཐོག་འདིར་སྡེ་ཁུལ་གྱི་བརྩེ་སེམས་ཟ་ཁང་གིས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། པདྨ་ལྷ་མོས་བཤད་རྒྱུར། “ལོ་རེའི་དབྱར་རྩྭ་བརྐོ་བའི་དུས་སུ་ང་ཚོའི་སྡེ་ཁུལ་གྱི་གཞོན་པ་རྣམས་རི་མགོར་དབྱར་རྩྭ་བརྐོ་རུ་ཕྱིན་ནས། ཁྱིམ་དུ་ལུས་པའི་རྒན་པ་དང་བྱིས་པར་ང་ཚོས་བདག་སྐྱོང་བྱེད་དགོས་པས། སྡེ་ཁུལ་ནི་ཁོ་ཚོའི་རྒྱབ་རྟེན་བཀན་མོར་གྱུར་ཅིང་། རྒན་པ་དང་བྱིས་པར་བདག་སྐྱོང་བྱེད་རྒྱུ་དེ་སྡེ་ཁུལ་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་གྱུར་ཡོད”ཟེར།

པདྨ་ལྷ་མོས་སྡེ་ཁུལ་དུ་བྱ་བ་མང་པོ་ཡོད་པས་བྲེལ་ཟིང་ཆེ་ནའང་བསྒྲུབས་ཚར་དུས་ང་ཚོར་སྐྱིད་སྣང་ཞིག་སྐྱེས་ཡོང་། འཚོ་བའི་ཐད་ནས་ཕྱོགས་སོ་སོས་འབད་པ་བྱེད་ལ། ད་དུང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པས། སྡེ་ཁུལ་གྱིས་རྒན་པའི་ཉིན་རྒྱུན་འཚོ་བ་དང་བཤད་རོགས་འདུག་རོགས་སོགས་ཕྱོགས་ཀྱི་དགོས་མཁོར་གནད་ཁེལ་སྦྲེལ་མཐུད་བྱས་ཏེ། རྒན་པར་བློ་བདེ་སེམས་སྐྱིད་ཡོང་དུ་བཅུག་ཡོད།  པདྨ་ལྷ་མོས་བཤད་རྒྱུར། “ང་ཚོས་གཟའ་འཁོར་རེར་དང་བླངས་པ་ཁོངས་གཏོགས་ས་ཁུལ་གྱི་ལོ་ལོན་ཁེར་འདུག་གི་ཁྱིམ་དུ་སོང་ནས་གྱོན་གོས་བཀྲུ་བ་དང་། གཙང་སྦྲ་བྱེད་པ། རྐང་པ་བཀྲུ་བ་སོགས་དང་བླངས་ཞབས་ཞུ་རྩ་འཛུགས་བྱེད་བཞིན་ཡོད། དོན་དག་ཆུང་ཆུང་ཡིན་རུང་རྒན་པ་ཚོར་གོ་ཆོད་པ་ཞིག་ཏུ་སྣང”ཟེར། པདྨ་ལྷ་མོས་སྡེ་ཁུལ་གྱི་བྱ་བའི་འགྱུར་ལྡོག་ཐད་ནས་ཀྱང་ད་ལྟའི་ཡུས་ཧྲུའུ་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་ཤེས་ཐུབ་པའི་སྐོར་ནས་ཁ་བརྡ་བྱེད་སྐབས་བཤད་རྒྱུར། “སྔོན་ཆད་ཆུ་གློག་བཀོལ་སྤྱོད་བྱེད་པ་དེ་གནད་དོན་ཞིག་ཡིན་ལ། མི་རྣམས་ཀྱི་བསམ་བློ་ཡང་དེ་འདྲའི་གྱོང་བོ་ཞིག་རེད། དེང་སྐབས་ཚང་མ་རང་འགུལ་གྱིས་སྡེ་ཁུལ་དུ་ཡོང་ནས་སྲིད་ཇུས་འདྲི་རྩད་བྱེད་པར་མ་ཟད། ད་དུང་རང་འགུལ་སྒོས་ཕྱི་ཕྱོགས་སུ་ཞོར་ལས་ལ་འགྲོ་བཞིན་ཡོད། འཚོ་བ་ཇེ་བཟང་དུ་སོང་བས་བརྩེ་སེམས་ཀྱི་དགོས་མཁོ་ཡང་ཚོར་ཐུབ”ཟེར།

ཡུས་ཧྲུའུ་ཁུལ་རྒན་པའི་བྱ་བའི་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་རིང་མཐར་ཕྱིན་གྱིས་གསར་འགོད་པར་བཤད་རྒྱུར། དེང་གི་ཡུས་ཧྲུའུ་ཁུལ་དམངས་སྲིད་སྡེ་ཁག་གིས་འབྲས་ལུང་མདའ་གཞིས་ཁུལ་གྱི་བརྩེ་སེམས་ཟ་ཁང་མགོ་ཚུགས་སར་བརྩིས་ཏེ། ཉིན་མོའི་ལྟ་སྐྱོང་དང་ཟ་མའི་རོགས་རམ་ཞབས་ཞུ་ས་ཚིགས་ཞེས་པར་བསྒྱུར་ཏེ་ཞབས་ཞུའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། དུས་མཉམ་དུ་ཡུས་ཧྲུའུ་གྲོང་ཁྱེར་དང་ནང་ཆེན་རྫོང་། ཁྲི་འདུ་རྫོང་། ཆུ་དམར་ལེབ་རྫོང་བཅས་སུ་ཉིན་མོའི་ལྟ་སྐྱོང་དང་ཟ་མའི་རོགས་རམ་ཞབས་ཞུ་ས་ཚིགས་བཞི་གསར་དུ་བཙུགས་ནས་མངའ་ཁོངས་ཀྱི་རྒན་པར་ཟ་མ་ཟ་བར་སྟབས་བདེ་རང་བཞིན་དང་སྣ་མང་རང་བཞིན་བསྐྲུན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།