དབྱར་ཁའི་ཆར་བ་ཟམ་ཟིམ་དང་འགྲོགས་ནས། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཆུ་ཁོག་ཡུལ་ཚོ་ཀོའུ་སྡེ་སྨན་ལྗོངས་རྫ་ཆབ་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་དུ་ཕྱིན། དམ་བེ་ལས་པ་དང་དམ་བེ་བཀྲུ་བ། དུག་སེལ་བྱེད་པ། གཏེར་ཆུ་ལྡུག་པ། སྣོད་ཁ་རྒྱག་པ་སོགས་རང་འགུལ་ཐོན་སྐྱེད་སྟེང་གི་སྒྲིག་ཆས་ཚང་མའི་སྒྲ་མཉམ་དུ་གྲག་ཅིང་ཕན་མཐོས་འཁོར་སྐྱོད་བྱེད་པ་དང་། ལས་བཟོ་པ་རྣམས་རང་རང་སོ་སོའི་ལས་ཡུལ་དུ་ཐུམ་རྒྱག་པ་དང་བྱང་བུ་འཛེར་བ་སོགས་ཀྱི་ལས་ཀར་བྲེལ་ནས་སྟོབས་ཤུགས་ཡོད་རྒུས་ཚོད་ལྟའི་ཐོན་སྐྱེད་བྱེད་པའི་སྣང་ཚུལ་མིག་ལམ་དུ་མངོན་བྱུང་།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཤ་བོ་ཚེ་རིང་ལ་སྤྲོ་བ་རབ་ཏུ་རྒྱས་ནས་བཤད་རྒྱུར། ཚོད་ལྟའི་ཐོན་སྐྱེད་འཁོར་སྐྱོད་བྱས་པ་ཧ་ཅང་བཟང་། ཉིན་འགའི་རྗེས་སུ། གཏེར་ཆུ་དངོས་སུ་བཙོང་རྒྱུ་ཡིན། ང་ཚོས་མཚོ་སྔོན་ཞིང་ཆེན་དང་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྣམས་ལ་འབྲེལ་གཏུག་བྱས་ཡོད་ལ། གཙོ་བོ་ཞིང་ཆེན་ནང་ཁུལ་གྱི་ཟ་ཁང་དང་མགྲོན་ཁང་། ཡུལ་སྐོར་ལྗོངས་ཁུལ་ཆེ་འབྲིང་དུ་བཙོང་རྩིས་ཡོད། འདི་ལྟར་བྱས་ན་ཚོང་ལམ་ལ་འདང་རྒྱག་མེད་ཟེར།
ལོ་ངོ་མང་པོའི་རིང་ལ། སྲོལ་རྒྱུན་གྱི་ཞིང་ལས་ལོ་ཏོག་འདེབས་ཞོར་དུ་ཕྱུགས་འཚོ་བ་དེ་ཀོའུ་སྡེའི་སྡེ་དམངས་མང་ཆེ་བའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན་པས། ཡོང་སྒོ་སྣ་རྐྱང་ཡིན་ལ་ཉུང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་གཏོང་བ་དང་སྡེ་མི་རྣམས་ཕྱུག་བསྒྱུར་ཡོང་འཕར་བྱེད་པའི་ཐད་ཇི་ལྟར་སྣེ་ཁྲིད་རྒྱུ་ནི་ཤ་བོ་ཚེ་རིང་གི་སེམས་སུ་ཉར་བའི་དོན་ཆེན་རེད། “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་དམངས་ཚོགས་ཆེན་བསྡུས་ཏེ། མིག་དབང་སྡེ་བའི་དྭངས་གཙང་གི་རྫ་ཆུར་གཏད།
ཀོའུ་སྡེའི་རྫ་ཆུ་དེ་ནི་ལོ་རྒྱུས་ཀྱི་ཡུན་རིང་ལ་ཐོན་ཁུངས་ཕུན་སུམ་ཚོགས། མཚོ་འཕང་མུས 4767ཡོད་པའི་བྱ་ཁྱུང་རི་བོའི་ཤར་ཕྱོགས་ནས་ཐོན་ཏེ། ཀོའུ་སྡེ་ཡུལ་ཁོངས་ཀྱི་ནུབ་ནས་ཤར་དུ་སྨི7500བཞུར་བའི་མཚམས་སུ་རོང་བོ་དགུ་ཆུར་འབབ་བཞིན་ཡོད། མ་དངུལ་དང་ལག་རྩལ། ཚོང་ཁྲོམ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་སྡེ་བའི་ནང་གི་རྫ་ཆུ་དེ་ནམ་ཡང་བེད་མེད་དུ་བསྐྱུར་ཡོད།
གལ་ཏེ་སྤུས་ལེགས་ཀྱི་རྫ་ཆུ་མོད་པོ་དེ་གོ་ཆོད་ཀྱིས་བེད་སྤྱོད་མ་ཐུབ་པར་བེད་མེད་དུ་བསྐྱུར་ན་ངོ་མ་ཡིད་ཕངས་པ་ཞིག་རེད་ཅེས་ཤ་བོ་ཚེ་རིང་གིས་ཡིད་ཕངས་པའི་སྒོ་ནས་དེ་ལྟར་བཤད།
ཆེད་ལས་ལས་ཁུངས་ཀྱིས་ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད། སྡེ་བའི་ནང་གི་རྫ་ཆུ་དེ་ཆུ་སྤུས་གཙང་ལ་བྲོ་བ་འཇམ་པས་རྒྱལ་ཁབ་ཀྱི《རང་བྱུང་གཏེར་ཆུ》ཡི་ཚད་གཞི་དང་མཐུན་ལ། ཆུའི་ནང་དུ་རྒྱུན་ཚད་ཀྱི་གཞི་རྒྱུ་འདུས་ཡོད་པར་མ་ཟད། ད་དུང་ཟར་དང་སྭེར་ཕྱོགས་སྐྱུར་སོགས་མི་ལུས་ལ་ཕན་པའི་གཞི་རྒྱུ་ཕྲ་མོ་འདུས་ཡོད་པ་ཤེས། ཉིན་མཚན་དབྱེར་མེད་དུ་ལྷང་ལྷུང་དུ་འབབ་པའི་ཆུ་ཕྲན་དེ་གྲོང་གསེབ་དར་སྤེལ་བྱེད་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བྱེད་ཀྱི་རིན་པོ་ཆེ་རུ་འགྱུར་ཐུབ་པ་སུའི་སེམས་ལའང་དྲན་མ་མྱོང་།
དེའི་རྗེས། ཐུན་རིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་ལྔ་བཏང་བ་དང་། སྡེ་མི་རྣམས་ཀྱིས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་བརྒྱད་རང་གྲབས་བྱས་ཏེ་ཆུའི་བཟོ་གྲྭ་གསར་དུ་བཙུགས་པ་དང་། ཐོན་སྐྱེད་སྒྲིག་ཆས66ཉོས། བགྲོད་ལམ་དང་ཆུ་ཕྱིར་གཏོང་། གློག་འདོན། དྲོད་འདོན། ཆུ་མགོར་སྒྲོམ་གཞི་ལས་པ་སོགས་ཀྱི་འབྲེལ་ཡོད་བཟོ་འགོད་ལག་བསྟར་བྱས། དེ་ནས་བཟུང་སྨན་ལྗོངས་རྫ་ཆབ་ཀྱི་གྲོང་གསེབ་དར་སྤེལ་གྱི་ལས་གཞི་དེ་རྒྱུན་སྲོལ་གྱི་ལམ་དུ་ཆས་མགོ་བརྩམས།
བཟོ་གྲྭ་འགྲུབ་རྗེས་ཀྱི་ཚོང་གཉེར་ཐད་ལའང་ཤ་བོ་ཚེ་རིང་གིས་བསམ་གཞིག་ཡུན་རིང་དུ་བཏང་། སྡེ་བའི་ནང་དུ་ཐོན་རྫས་གཉེར་སྐྱོང་དང་ཚོང་གཉེར་ཕྱིར་འཚོང་སོགས་ཀྱི་ཆེད་ལས་ལག་རྩལ་འཇོན་མི་དཀོན་པས་ཁེ་གྱོང་གི་འགན་ཁུར་རང་གིས་འཁུར་ན་བཟོ་གྲྭར་ཉེན་ཁ་ངེས་ཅན་ལྡན་པས། སྡེ་མི་རྣམས་ལ་བསྟུད་མར་ཡོང་སྒོ་འཕར་བར་འགན་སྲུང་བྱེད་དཀའ། རྒྱང་རིང་གི་བྱ་བར་གཞིགས་ཏེ་སྡེ་བའི་ནང་གི་བཟོ་གྲྭ་ཕྱོགས་གསུམ་པའི་ཁེ་ལས་ལ་སྤྲོད་རྒྱུ་དང་། བཟོ་གྲྭའི་འགན་འཁུར་པ་ལི་ཧོང་ཚའེ་ལ་ཚོང་གཉེར་བྱེད་དུ་བཅུག་སྟེ་ལོ་རེར་གླ་ཡོན་སྟེར་བའི་རྣམ་པས་སྡེ་མི་རྣམས་ལ་ཁེ་སྤོགས་བགོ་རྒྱུ་ཐག་གིས་བཅད།
“ཅང་མ་འགོར་བའི་སྔོན་དུ། ང་ཚོ་ཐུན་རིན་གྲོང་ཁྱེར་ཚོང་ཁྲོམ་ལྟ་སྐུལ་དོ་དམ་ཅུའུ་རུ་སོང་སྟེ་ཐོན་སྐྱེད་གཉེར་སྐྱོང་ཆོག་འཐུས་དཔང་ཡིག་བླངས་ཟིན་པ་དང་། འགྲོ་ལུགས་ཚང་མ་བསྒྲུབས་ཡོད་པས། ད་ལྟ་དངོས་སུ་ཐོན་སྐྱེད་བྱེད་པར་བསྒུགས་ཡོད”ཅེས་ཤ་བོ་ཚེ་རིང་གི་གདོང་གི་འཛུམ་མདངས་དང་ངག་གི་སྐད་ཆར་མཉན་ན་སེམས་པ་ལྷོད་ལ་བབ་འདུག་པ་ཤེས།
མིག་སྔར། བཟོ་གྲྭའི་ནང་དུ་ཧའོ་ཧྲིན380དང་ཧའོ་ཧྲིན550ཅན་གྱི་ཤེལ་དམ་དང་། ཧྲིན5དང་ཧྲིན18.9ཡི་ཆུ་ཟོ་བཅས་ཀྱི་ཐོན་སྐྱེད་བྱ་ཡུལ་བཞི་འཛུགས་སྐྲུན་བྱས་ཡོད་ལ། སྔོན་དཔག་བྱས་ན་ལོ་རེར་རྫ་ཆུ་ཏུན་ཁྲི་གཉིས་དང་སྟོང་བདུན་དགུ་བརྒྱ་དྲུག་ཅུ་ཐོན་སྐྱེད་བྱེད་ཐུབ། དེའི་ཕྱིར་བཙོང་གི་ཡོང་སྒོར་ས་ཡ་གཅིག་དང་འབུམ་བཞི། ཁྱིམ་ཚང172ཡོད་པ་ཚང་མར་སྒོར2302རེ་བགོ་ཐུབ་པ་དང་མཉམ་དུ་མི13ལས་ཀར་ཞུགས་ཐུབ།
ལོ་འགའི་རིང་ལ། ཆུ་ཁོག་ཡུལ་ཚོ་ཀོའུ་སྡེ་ཡིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ”ཡི་འདུ་ཤེས་ལག་བསྟར་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་པ་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱེད་པའི་འཛིན་ལུང་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞི་ཞིབ་མོས་བསྐྲུན་པ་སྟེ། སྡེ་བ་ཐུན་མོང་དང་ཁེ་ལས། སྡེ་མི་ཡི་རྣམ་པ་བརྒྱུད་ནས་ཆུའི་ཐོན་ཁུངས་རྒྱུག་པོར་བཏང་ཞིང་ཆུའི་ལས་དོན་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པས། ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་ཐུན་མོང་དཔལ་འབྱོར་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་། སྡེ་མི་རྣམས་ཀྱི་བརྟན་འཇགས་ཀྱི་ཡོང་འཕར་ཀྱང་མངོན་འགྱུར་བྱེད་ཐུབ། རང་བྱུང་བཏུང་ཆུ་གཙོ་ཁྲིད་ཡིན་པའི་ཁྱད་ལྡན་ཐོན་ལས་བསྐྲུན་པ་ནི་ཤ་བོ་ཚེ་རིང་དང་མང་ཚོགས་རྣམས་ཀྱི་སེམས་ཀྱི་དམིགས་བྱ་ཡིན།
ཤ་བོ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། 《མཚོ་སྔོན་ཞིང་ཆེན་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་དོ་དམ་བྱེད་ཐབས》ལྟར། སྡེ་བས་ཡོང་སྒོ་རྐྱང་རྐྱང་གི60%ཡི་མ་དངུལ་ཁེ་སྤོགས་སུ་བགོ་རྒྱུ་ཡིན་ལ། ཡོང་སྒོ་རྐྱང་རྐྱང་གི40%ཡི་མ་དངུལ་སྡེ་བའི་རྨང་གཞི་སྒྲིག་བཀོད་ཆུང་གྲས་ཀྱི་འཛུགས་སྐྲུན་ཐད་བཀོལ་རྒྱུ་ཡིན། དཔེར་ན་བགྲོད་ལམ་དང་རིག་གནས་ཐང་ཆེན། ཆུ་བེད་སྒྲིག་བཀོད་སོགས་ཀྱི་ཞིག་གསོ་དང་། ཁོར་ཡུག་གཙང་སྦྲ་དང་གད་སྙིགས་གཙང་འདྲུད། ད་རུང་གྲོང་གསེབ་རིག་གནས་འཁྲབ་སྟོན་གྱི་འགྲོ་སྒོ་བཅས་ཀྱི་ཐད་བཀོལ་རྒྱུ་ཡིན་ཟེར།
བཟོ་གྲྭ་དངོས་སུ་འཁོར་སྐྱོད་བྱས་རྗེས་ལས་རྐང་མང་པོ་ཡོད་སྲིད། ང་ཚོར་གཙང་སྦྲ་བ་དང་ཐོན་སྐྱེད་ལག་རྩལ་པ། རྫས་འགྱུར་བརྟག་དཔྱད་པ། ཕྱིར་འཚོང་བ་སོགས་མང་པོ་མཁོ། ལས་རྐང་འདི་དག་ལ་རང་ཡུལ་གྱི་སྡེ་མི་དམིགས་བསལ་དུ་བསྡུས་ནས་ལས་ཀ་ལས་སུ་འཇུག་རྒྱུ་ཡིན། བཟོ་གྲྭའི་དགེ་རྒན་ལ་དམར་ཁྲིད་བྱེད་དུ་བཅུག་སྟེ་སྡེ་མི་རྣམས་ལ་ཁྱིམ་ཚང་གི་སྒོ་ཁ་རུ་ལག་རྩལ་ཞིག་ཤེས་སུ་འཇུག་རྒྱུ་ཡིན་ཞེས་བཟོ་གྲྭའི་འགན་འཁུར་པ་ལི་ཧོང་ཚའེ་ལ་སྡེ་མི་ཚང་མས་འབད་བརྩོན་ལྷོད་མེད་བྱས་ན་ཀོའུ་སྡེའི་རྫ་ཆུ“ཆུ་ཕྲན་རྟག་འབབ”ཏུ་འགྱུར་བའི་ཡིད་ཆེས་ཀྱིས་བརྟས་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།