ལོ42ལོན་པའི་རྟ་མགྲིན་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་ནགས་སྲུང་པ་ཞིག་ཡིན་ལ། ཁོ2016ལོར་ནགས་སྲུང་རུ་ཁག་ཏུ་ཞུགས། ནགས་ཚལ་སྲུང་སྐྱོབ་མཁན་ཞིག་ལ་མཚོན་ན། ཕྲག་སྟེང་དུ་མུའུ5000ལས་བརྒལ་བའི་ས་ཆར་དོ་དམ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད། དབྱར་ཁར་ཆར་ཆུ་འབབ་པ་དང་དགུན་ཁར་བུ་ཡུག་འཚུབ་པའི་དུས་གང་ཡིན་རུང་། ཉིན་རེར་སྤྱི་ལེ33ལས་བརྒལ་བའི་ཉུལ་སྲུང་ལས་ཀ་རྒྱུན་ལྡན་དུ་གྱུར་ཡོད།
རྟ་མགྲིན་ཚེ་རིང་སྔ་མོ་ནས་ལངས་ཤིང་། རྩམ་པ་དང་ཆུ། འཕྲལ་མཁོའི་ཁུག་མ་སོགས་རྒྱབ་ཁུག་ཏུ་བསྡུས་ཏེ། ཐུན་ཏེ་རྫོང་རྨ་བྱང་ནགས་ཚལ་གྱི་གསེབ་ཏུ་ཆས་ནས་ཉིན་གཅིག་གི་རི་ལ་སྐོར་སྲུང་བྱེད་པའི་ལས་ཀའི་མགོ་བཟུང་། རྟ་མགྲིན་ཚེ་རིང་གིས་བཤད་རྒྱུར། ཅ་ལག་འདི་དག་རྒྱུན་དུ་མི་མཁོ་མོད། འོན་ཀྱང་གནད་འགག་གི་དུས་སུ་ངས་པར་བླངས་ནས་བེད་སྤྱོད་བྱེད་ཤེས་དགོས་པར་མ་ཟད། ད་དུང་བེད་སྤྱོད་བྱེད་ཐུབ་དགོས་ཟེར། ཁོས་ཉིན་རེར་མ་མཐའ་ཡང་དུས་ཚོད་བཅུ་ལ་རི་མགོར་སྐོར་སྲུང་བྱེད་པ་དང་། མེ་སྐྱོན་འགོག་པའི་གནད་འགག་གི་སྐབས་སུ་རླུང་ཆེན་གཡུགས་པ་དང་འཕྲད་ན་དུས་ཚོད་ཉེར་བཞིའི་རིང་ལ་ལས་སྲུང་བྱེད་དགོས།
རྟ་མགྲིན་ཚེ་རིང་གིས་བཤད་རྒྱུར། ཁོས་དུས་རྒྱུན་ཉུལ་སྲུང་བྱེད་སྐབས། སྡོང་པོར་གནོད་འབུས་བཟུང་ཡོད་མེད་ལ་བརྟག་དཔྱད་དང་། དེའི་བདེ་ཐང་གནས་ཚུལ་ཟིན་ཐོར་འགོད་དགོས། ཁྲིམས་འགལ་གྱིས་ནགས་ཁུལ་དུ་རི་དྭགས་རྔོན་མཁན་ཡོད་མེད་ལ་སྐོར་ཞིབ་བྱེད་དགོས་པར་མ་ཟད། ད་དུང་ནགས་ཁྲོད་དུ་བསྐྱུར་པའི་སྙིགས་རྫས་ཤེལ་ཆག་སོགས་ལ་ལྷག་པར་མཉམ་འཇོག་དགོས། དེ་ལྟར་མ་བྱས་ཚེ་དེས་འོད་ཐིག་ཕྱོགས་གཅིག་ཏུ་བསྡུས་ནས་མེ་སྐྱོན་སློང་སྲིད། ཁྱད་པར་དགུན་དཔྱིད་ཀྱི་དུས་སུ་ནམ་ཟླ་སྐམ་ཤས་ཆེ་བས་ལྷོད་གཡེང་གཏན་ནས་བྱེད་མི་རུང་ཞེས་ཟེར།
ལོ་ངོ་བརྒྱད་ཀྱི་ནགས་སྲུང་ལས་ཀས་ཁོ་རང་སྔར་ལས་ཀྱང་ས་བབ་མཐོ་སར་སྐོར་ཞིབ་དང་ལམ་གྱི་དཀའ་ངལ་ཁྱད་གསོད་བྱེད་ཐུབ་མཁན་ཞིག་ལ་འགྱུར་དུ་བཅུག་ཡོད། ལུས་པོ་ཐང་ཆད་དུས་སྡོང་པོའི་འོག་ཏུ་གཉིད་ལྕོག་རྒྱག་ལ། ལྟོགས་དུས་སུ་རྩམ་པ་བླངས་ནས་ཆུ་འཁྱག་དང་མཉམ་དུ་ཟ་བ་རེད། ཁོའི་ཟངས་མདོག་ཏུ་གྱུར་པའི་ངོ་གདོང་དེ་ནི་ཁོའི་ལོ་ངོ་བརྒྱད་ཀྱི་ནགས་སྲུང་ལས་ཀའི་དཔང་རྟགས་སུ་གྱུར་ཡོད།
ད་ལྟ། ཐུན་ཏེ་རྫོང་དུ་རྟ་མགྲིན་ཚེ་རིང་ལྟ་བུའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཁོ་ཚོས་བརྩེ་བ་དྲག་པོས་ཐུན་ཏེ་རྫོང་གི་སྔོ་ལྗང་རི་ཆུ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ལ། དཀའ་བ་གྲངས་མེད་རྒྱབ་ཏུ་བསྐྱུར་ནས་ཐུན་ཏེ་རྫོང་གི་མཐོན་པོའི་རི་དང་རིང་མོའི་ཆུ་ལ་ཞབས་རྗེས་བཀོད་ཡོད།
ཐུན་ཏེ་རྫོང་གི་སུམ་ཆུའི་གཅིག་ལ་ཉེ་བའི་ས་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཚུད་ཡོད་ཅིང་། རྨ་ཆུའི་བཞུར་རྒྱུན་གྱིས་ཧ་ལམ་སྤྱི་ལེ207ཙམ་ཟིན་ཡོད། ཐུན་ཏེ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས། ས་ཁམས་གནས་ཡུལ་གྱི་ཆ་ནས་གལ་ཆེན་དང་། སྐྱེ་ཁམས་བྱེད་ནུས་སམ་རིན་ཐང་གི་ཆ་ནས་འབུར་ཐོན་དང་ཆུའི་འབྱུང་ཁུངས་ཡིན་པའི་ཆ་ནས་སྲུང་སྐྱོབ་ཀྱི་ལས་འགན་ལྷག་ཏུ་ལྕི།
སྐྱེ་ཁམས་གནད་འགག་གི་ས་ཆ་སྟེ་ཐུན་ཏེ་རྫོང་གིས་ལྗང་མདོག་གི་དྲི་བར་དྲིས་ལན་ཇི་ལྟར་འདེབས་སམ། ལོ་འདི་དག་གི་རིང་ལ། ཐུན་ཏེ་རྫོང་གིས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་ཀྱི་ཇུས་གཞི་དང་རྒྱལ་ཁབ་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་གྲོས་འཆར་གསར་གཏོད་ཀྱི་དཔེ་སྟོན་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ནས། ཐུན་ཏེ་རྫོང་གི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པར་མ་ཟད། ད་དུང་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཞིག་གསོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་དང་བྱེ་མ། འཁྱགས་ཀླུང་མ་ལག་བཅས་ཀྱི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་འཆར་འགོད་འཐེན་པ་དང་སྐུལ་འདེད་གཏོང་གིན་འདུག རྨ་ཆུ་དང་བརླན་ས། རི་ཆུ། རྩྭ་ཐང་། ནགས་ས་བཅས་ཀྱི“རྩོམ་ཡིག་ལྔ”ལེགས་པོར་བྲིས་ཡོད་ལ། ཞན་འགྱུར་རྩྭ་ས་སླར་གསོ་བྱེད་པའི་དཔེ་སྟོན་རྟེན་གཞི་བཙུགས་པ་དང་། གྲང་ངར་ཆེ་བའི་རྩྭ་ཐང་གི་སྐྱེ་ཁམས་ཞན་འགྱུར་ལ་ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་ཞིག་བཙུགས་ཡོད།
སྐྱེ་ཁམས་ཁོར་ཡུག་དེ་ཕྱོགས་གཅིག་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རེ་ལྟོས་དང་འབྲེལ་ལ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་དང་འབྲེལ་ཡོད། སྔོ་ལྗང་གི་རི་ཆུ“གསེར་རི་དངུལ་རི”ལ་བསྒྱུར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ན། ད་གཟོད་མི་དམངས་མང་ཚོགས་ལ་སྔར་ལས་མང་བ་དང་། སྔར་ལས་ཕན་པ། སྔར་ལས་རྒྱུན་མཐུད་ལྡན་པའི་ལྗང་མདོག་གི་བདེ་སྐྱིད་ཅིག་ལོངས་སྤྱོད་བྱེད་དུ་འཇུག་ཐུབ།
ཐུན་ཏེ་རྫོང་འབའ་ལུང་གྲོང་རྡལ་འབའ་མདོ་སྡེ་བར་ཆས་ཚེ། རྨ་ཆུ་ནི་སྡེ་བའི་དཀྱིལ་ནས་བཞུར་གྱིན་འདུག་ལ། གཙང་སྦྲ་དོད་པའི་གྲོང་གསེབ་ཀྱི་བགྲོད་ལམ་དང་། རྫ་གཡམ་དམར་པོ་དང་གྱང་དཀར་པོས་བསྐྲུན་པའི་འབྲོག་པའི་སྡོད་ཁང་གསར་པ་ལ་སོགས་ཡིད་འོང་གི་འབྲོག་ཁུལ་རི་མོ་ཞིག་མིག་ལམ་དུ་ངང་ངམ་ཤུགས་ཀྱིས་འཆར་ཡོང་།
འབའ་མདོ་སྡེ་བ་ནི་རྨ་ཀླུང་ཁུག་པ་དགུ་ལྡན་གྱི་ཁུག་མགོ་གཉིས་པའི་ཆུ་ངོགས་སུ་གནས་ལ། རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པར་མ་ཟད། རྫོང་རུའི་རིག་གནས་འབྱུང་ཁུངས་ཀྱི་མཚན་སྙན་ཡང་ཐོབ་ཡོད། ལོ་འདི་དག་གི་རིང་ལ་འབའ་མདོ་སྡེ་བའི་གྲོང་གསེབ་ཡུལ་སྐོར་གྱི་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བའི་དཔེ་ལྟར་མ་གྲོས་གཅིག་མཐུན་གྱིས་འདི་རུ་འཛོམས་ཡོང་། སྔོན་ཆད་འབའ་མདོ་སྡེ་བ་ནི་འདི་ལྟ་བུའི་མཛེས་ལྗོངས་ཤིག་ཏུ་གྲུབ་མེད། སྡེ་མི་ཚེ་འབུམ་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྔོན་ཆད། ཕྱུགས་ར་ནི་སྒྲིག་རིམ་མེད་ཅིང་གྲལ་དག་མིན་ལ། ཁང་པ་ནི་ས་ཁང་ཡིན་པ་དང་། འབྲོག་ཁྱིམ་ཚང་མར་དེང་གི་ཆུ་བཤལ་གསང་སྤྱོད་ཁང་མེད་པས། ཚ་བ་ཆེ་སྐབས་དྲི་ངན་ཞིག་གང་ས་ནས་འཐུལ་གྱིན་འདུག་ཟེར།
2017ལོར་འབའ་མདོ་སྡེ་བས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེའི་ལས་གཞི་ལག་ལེན་དུ་བསྟར་བས། སྡེ་བའི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2019ལོར་སྡེ་བས་བཙོག་ཆུ་གཙང་སེལ་གྱི་བཟོ་གྲྭ་བསྐྲུན་པར་མ་ཟད། ད་དུང་ཁྱིམ་ཚང་ཡོངས་ལ་ཆུ་བཤལ་གསང་སྤྱོད་ཡང་ལས་ཡོད། ལོ་དེར་འབའ་མདོ་སྡེ་བ་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ས་ཚིགས་སུ་ཚུད་རྗེས། ཇི་ལྟར་འཕེལ་རྒྱས་འགྲོ་བའི་བསམ་ཕྱོགས་ཀྱང་སྔར་ལས་ཇེ་གསལ་དུ་སོང་ཡོད། ད་ལྟ་འབའ་མདོ་སྡེ་བས་ཁྱད་དུ་འཕགས་པའི་སྐྱེ་ཁམས་ཁོར་ཡུག་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས། གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན་བཏང་བས། སྡེ་བའི་རྣམ་པ་སྔར་ལས་ཇེ་ཡག་དང་འཚོ་བ་ཇེ་ཕྱུག་ཏུ་ཕྱིན་ཡོད།
2023ལོའི་ཟླ10པའི་ཚེས28ནི་ཐུན་ཏེ་རྫོང་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པའི་ཉིན་ཞིག་ཡིན། ཉིན་དེར་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་སྤེལ་བའི་ཀྲུང་གོའི་སྐྱེ་ཁམས་རིག་གནས་ཀྱི་གླེང་སྟེགས་ཐོག ཐུན་ཏེ་རྫོང་ལ“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞི་ཁག་བདུན་པའི་མཚན་སྙན་གནང་བ་དང་། “རྒྱལ་མིང་རྟགས་ཅན”གྱི་མཚན་སྙན་དེས། ཐུན་ཏེ་རྫོང་གིས་སྐྱེ་ཁམས་སྔོན་ལ་བཞག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་ཡིད་ཆེས་བརྟན་པོ་རྙེད་དུ་བཅུག་ཡོད།
བཅར་འདྲི་མཇུག་གྲིལ་ནས་ཁ་བྲལ་སྐབས། མིག་ལམ་དུ་འཆར་བ་ནི་རྒྱང་རིང་གི་གངས་རིའི་མུ་ཁྱུད་དང་ས་གདན་ལྟར་རྒྱང་དུ་བསྲིངས་པའི་རྩྭ་ཐང་རེད། ཆུ་དང་མཚེའུ། སྤང་ལྗོངས་དང་རྫ་རི་དམར་པོ་སོགས་ཀྱིས“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་མོ་མི་རྣམས་ཀྱི་སེམས་ཀྱི་གཏིང་རིམ་དུ་སྐྱེས་ཡོད་པ་མཚོན་ཐུབ་བོ།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།