ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མགར་རྩེ་འབྲི་ཞོ་ཐོན་ལས་གླིང་དུ་སོང་བ་ན། ཞོ་བསྙལ་བ་དང་ཐུམ་དུ་འཇུག་པ། སྐྱེལ་བ། རླངས་འཁོར་དུ་འཇོག་པ་སོགས་ལས་བཟོ་པ་རྣམས་ཉིན་རེའི་ལས་ལ་བྲེལ་བཞིན་པ་མཐོང་། ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་འབྲི་ཞོ་བསྙལ་སྟངས་དང་རུལ་འགོག་རྫས་ཅི་ཡང་མི་བསྲེས་པའི་སྤུས་ཚད་དང་ཁས་ལེན་ལ་བརྟེན་ནས། ལོ་འདི་འགའི་རིང་། མགར་རྩེ་ཡུལ་ཚོས་འབྲི་ཞོ་ལ་བརྟེན་ནས་གནས་དེའི་མི་རྣམས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་བཅུག
ཐོན་ལས་གླིང་གི་འགན་ཁུར་པ་བཀྲ་ཤིས་རབ་བརྟན་གྱི་རེ་བ་ཉག་གཅིག་ནི་ཉིན་རེར་བསྙལ་བའི་འབྲི་ཞོ་ཡོངས་རྫོགས་ཉིན་དེར་བཙོང་ཚར་རྒྱུ་དེ་རེད། ཁོ་ཉིན་རེ་བཞིན་སྔ་མོ་ནས་བཟོ་གྲྭའི་ནང་དུ་ཡོང་སྟེ། འབྲི་ཞོ་ཐོན་སྐྱེད་དང་ལས་སྣོན་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ་དང་། མ་གཞི་ནས་ཞོ་བཟང་མིན་ལ་དངོས་སུ་ལྟ་བཞིན་ཡོད།
འབྲི་ཞོ་བསྙལ་བའི་ཐོག་མའི་བསམ་ཕྱོགས་ཅི་ཡིན་པའི་སྐོར་གླེང་སྐབས། བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར། མགར་རྩེ་ཡུལ་ཚོའི་འབྲི་ཞོ་བསྙལ་བའི་སྲོལ་རྒྱུན་གྱི་ཡུན་རིང་ཞིང་། རང་ཉིད་ཆུང་དུས་སུ་རྒྱུན་དུ་རྒན་པ་རྣམས་ཀྱིས་འབྲི་ཞོ་བསྙལ་བ་མཐོང་སྟེ་མིག་ལམ་དང་རྣ་ལམ་དུ་གཤགས་འདུག་པར་མ་ཟད ། རང་གིས་ཀྱང་འབྲི་ཞོ་བསྙལ་ཤེས་པར་གྱུར།
མཚོ་སྔོན་དུ། ནམ་ཡིན་ཡང་མི་རྣམས་ཀྱིས་ཟ་མ་ཟ་དུས་ཅོག་ཙེའི་སྟེང་དུ་ཞོ་ཞིག་ཡོད་ངེས། སྤུས་ཚད་དང་ཞབས་ཞུ་གཙིགས་སུ་བཟུང་ན། འབྲི་ཞོ་ཆུང་ངུ་ཡིས་ཀྱང་ལས་དོན་ཆེན་པོ་ཞིག་འགྲུབ་ངེས་ཡིན་ཟེར།
དངོས་གནས་ཕ་ཡུལ་གྱི་ས་གཞི་ཆེན་པོ་འདིས་ཁོར་འབྲི་ཞོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤོབས་པ་དང་ཡིད་ཆེས་བསྩལ། མགར་རྩེ་ཡུལ་ཚོའི་མཚོ་འཕང་མཐོ་ཞིང་སྦགས་བཙོག་ཐེབས་ཚད་དམའ་ལ་རྩྭ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པས། ཐུན་རིན་གྲོང་ཁྱེར་གྱི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྟེན་གཞི་གཙོ་བོར་གྱུར་ཡོད། ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ལེགས་ཆ་དང་སྤུས་ཀ་བཟང་བའི་ཕྱུགས་རྩྭའི་དབང་གིས་གནས་འདིའི་ཕྱུགས་རྒྱུད་གཞན་ལས་བཟང་ལ། གནས་འདིའི་འབྲིའི་འོ་མའི་སྤྲི་དཀར་རྫས་དང་སྣུམ་ཚིལ། མངར་ཆའི་འདུས་ཚད་སོགས་སྤྱིར་བཏང་གི་འོ་མ་དང་བསྡུར་ན་ཧ་ཅང་མཐོ།
བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར། ང་རང་ཆུང་དུས་ནས་འབྲོག་ཁུལ་དུ་འཚོ་བ་རོལ་ཞིང་། ཡུལ་དུ་ནོར་མང་པོ་གསོས་ཡོད། རང་གི་འོ་མ་གཙང་མ་དག་མ་ཡིན་པས། ངས་དེར་བརྟེན་ནས་ལས་དོན་ཞིག་བསྒྲུབ་ན་ཆོག་པར་བསམས་བྱུང་།
རིམ་བཞིན་ཁོས་བསྙལ་བའི་འབྲི་ཞོ་ནི་ས་གནས་ཀྱི་འོ་མ་དག་མ་སྤྱད་དེ། སྲོལ་རྒྱུན་གྱི་འབྲི་ཞོ་བསྙལ་སྟངས་བཀོལ་བ་དང་། འབྲི་ཞོ་འཐུང་ན་ཁ་ལ་ཞིམ་ཞིང་སྤུས་ཀ་ལེགས་པས། ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
མིག་ལ་མཛེས་པའི་ཕྱི་ཐུམ་དང་བློ་ལ་རན་པའི་རིན་གོང་། མཐུག་ཅིང་ནོགས་པའི་འོ་སྤྲི། མངར་སྐྱུར་འདྲེས་མའི་བྲོ་བ་སོགས་འབྲི་ཞོ་དེ་འཐུང་མྱོང་བའི་མི་རྣམས་ལ་བྱིས་དུས་འཐུང་མྱོང་བའི་འབྲི་ཞོའི་བྲོ་བ་ཡིད་ལ་དབང་མེད་དུ་ཤར་ཏུ་འཇུག་སྲིད་ལ། ཞོ་དེའི་བྲོ་བར་ཐེངས་གཅིག་མྱངས་ཚེ། ཕ་ཡུལ་གྱི་བརྩེ་སེམས་ཟབ་མོ་དྲན་པའི་གཞི་རུ་རྒྱུ་འོང་།
ལོ་འདི་འགའི་རིང་དུ། ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག མགར་རྩེ་ཡུལ་ཚོས་འབྲི་ཞོའི་ཐོན་ལས་ལ་དམིགས་ཏེ། འབྲི་ཞོ་མནའ་འབྲེལ་རིམ་སྤར་ལས་སྣོན་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས། སྔ་རྗེས་སུ་མགར་རྩེ་ཡུལ་ཚོ་འབྲི་ཞོ་ལས་སྣོན་བཟོ་གྲྭ་དང་རིམས་བཤེར་ཁང་། ཐོན་རྫས་གསོག་ཉར་ཁང་སོགས་འབྲེལ་ཡོད་ཞོར་གཏོགས་སྒྲིག་བཀོད་གསར་དུ་བཙུགས་ཏེ། “ནོར་གཡང་མགར་རྩེ་འབྲི་ཞོ”ཞེས་པའི་ཚོང་རྟགས་བསྐྲུན་ནས། མགར་རྩེ་ཡུལ་ཚོའི་འབྲི་ཞོ་ཚད་ལྡན་ཅན་དང་ཆེད་ལས་ཅན། ཚོང་རྟགས་ཅན། ཐོན་ལས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད།
འབྲི་ཞོ་ལས་སྣོན་བཟོ་གྲྭ་ཕ་ཡུལ་དུ་བཙུགས་པ་དེས། ཐད་ཀར་དུ་ས་གནས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས། གཟན་རྩྭ་འདེབས་པ་དང་བཞོན་མ་གསོ་བ་ནས་འབྲི་ཞོ་ཐོན་སྐྱེད་དང་ཐུམ་བརྒྱབ་ནས་ཕྱིར་འཚོང་བྱེད་པ་སོགས་ལས་གང་ཞིག་ཡིན་ཡང་མི་སྣ་མཁོ་བས། འབྲི་ཞོ་བཟོ་གྲྭས་བརྟན་འཇགས་ཀྱི་ཡོང་འབབ་མཁོ་སྤྲོད་བྱས་ཤིང་། སྡེ་མི་རྣམས་ཀྱིས་རང་གི་སྒོ་ཁ་རུ་ལས་ཀ་བཙལ་ཐུབ་པས། ཁྱིམ་ཚང་སྐྱོང་ཐུབ་པར་མ་ཟད། རང་ཉིད་ཀྱི་རིན་ཐང་ཡང་རྙེད་སོང་།
སྲོལ་རྒྱུན་གྱི་འོ་བཟོས་ཐོན་རྫས་ལ་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་དང་རྣམ་པ་གསར་སྐྲུན་ཕན་ཚུན་མཉམ་འདྲེས་བྱས་ན་ད་གཟོད་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་པ་བཀྲ་ཤིས་རབ་བརྟན་གྱིས་གསལ་པོར་རྟོགས་ཡོད། སྲོལ་རྒྱུན་སྲུང་འཛིན་བྱེད་པ་ནི། “དྲན་འཛིན་ཁྲོད་ཀྱི་བྲོ་བ”ཉར་ཆེད་ཡིན་ལ། རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་པ་ནི། མི་རིགས་རང་གི་སྲོལ་རྒྱུན་འོ་བཟོས་ཐོན་རྫས་ཀྱི་མ་འོངས་མདུན་ལྗོངས་སྔར་ལས་ཡངས་ཆེད་ཡིན།
མགར་རྩེ་ཡུལ་ཚོའི་འགོ་གཙོ་བྱམས་པ་བསྟན་འཛིན་གྱིས་བཤད་རྒྱུར། རྗེས་མར་འབྲི་ཞོ་མཐུན་ཚོགས་འཛུགས་པ་དང་། མགར་རྩེའི་སྲོལ་རྒྱུན་འབྲི་ཞོ་བསྙལ་སྟངས་དེ“གཟུགས་འདས་ཤུལ་བཞག་རིག་གནས”ཀྱི་ལས་གཞིར་སྙན་ཞུ་བྱེད་པ། འབྲི་ཞོའི་ཐོན་ལས་གླེང་སྟེགས་འཚོགས་པ། མགར་རྩེ་ཡུལ་ཚོ་འབྲི་ཞོ་རྟགས་མའི་ལྒང་ལི་འགྲན་སྡུར་སྤེལ་བ་དང་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་འགྲེམ་སྟོན་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མགར་རྩེ་འབྲི་ཞོའི་རིག་གནས་ཚོང་རྟགས་ཧུར་ཐག་གིས་བསྐྲུན་རྩིས་ཡོད། དེ་དང་ཆབས་ཅིག ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ། འོ་བཟོས་ཐོན་རྫས་རིགས་གང་མང་གསར་སྐྲུན་དང་གསར་སྤེལ་བྱས་ནས། ས་གནས་ཀྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཟེར།
སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས། བཀྲ་ཤིས་རབ་བརྟན་དང་ཁོའི་ལས་བཟོ་པ་རྣམས་ལ་སྔར་ལས་སྒུལ་ཤུགས་ཡོད་པར་གྱུར་འདུག ཁོས་བཤད་རྒྱུར། ཕྱིར་འཚོང་གི་ལམ་ཁ་ཧུར་ཐག་གིས་རྒྱ་བསྐྱེད་དེ། མི་སྔར་ལས་མང་པོར་འཚོ་བཅུད་ལྡན་ལ་གཙང་མ་ཡིན་ཞིང་། བྲོ་བཅུད་འཛོམས་པའི་མགར་རྩེའི་འབྲི་ཞོའི་བྲོ་བར་མྱངས་སུ་འཇུག་པ་དང་། སྡེ་མི་སྔར་ལས་མང་པོར་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།