འབྲུ་འདེབས་ཞིང་པ་ཕྱུག་པོར་འགྱུར་བར་བྱེད་དགོས།
2024.06.13 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 16

 ད་ལོའི་ཟླ3ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་ཞིང་ཆེན་ཁྲང་ཏི་གྲོང་ཁྱེར་ཏེན་ཁྲིན་ཆུས་ཞེ་ཅཱ་ཕུའུ་གྲོང་རྡལ་གྱི་འབྲུ་རིགས་ཐོན་སྐྱེད་མུའུ་ཁྲི་ཡི་ཕྱོགས་བསྡུས་དཔེ་སྟོན་ཡུག་ཁུལ་དུ་ཕེབས་ནས་ས་ཞིང་མུའུ་གཅིག་གི་སྟེང་ནས་ཡོང་འབབ་རྐྱང་བ་ཇི་ཙམ་ལེན་ཐུབ་ཅེས་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་།

འབྲུ་འདེབས་ཁྱིམ་ཆེན་ཏའེ་ཧུང་གིས་ན་ནིང་ཞིང་བཏབ་ནས་ཡོང་འབབ་རྐྱང་བ་སྒོར་འབུམ་ལྔ་དང་ཁྲི་ལྔ་ལྷག་བླངས་བའི་ཁར། སྲིད་གཞུང་གིས་ད་དུང་སྒོར་ཁྲི7ལྷག་ཁ་གསབ་བྱས་པ་དེ་མཁྱེན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་མཉེས་པོ་བྱུང་ནས་འབྲུ་འདེབས་ཁྱིམ་ཚང་ལ་གྱོང་གུན་མི་ཐེབས་པ་བྱེད་དགོས།  ཡོང་སྒོ་ཡོད་ན་གཞི་ནས་འབྲུ་རིགས་འདེབས་པའི་སེམས་ཤུགས་ཆེ་རུ་འགྲོ་ཐུབ་ཅེས་གསུངས།

འབྲུ་རིགས་ཀྱི་བདེ་འཇགས་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོན་དེར་ཐུགས་ཁུར་ཟབ་བཞེས་གནང་བཞིན་ཡོད། ཏང་ཀྲུང་དབྱང་གིས་ རྒྱ་ཆེའི་ཞིང་སྡེ་ཞིང་ལས་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པར་མུ་མཐུད་དུ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། དེའི་ཐད་ཀྱི་སྲིད་ཇུས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་འབྲུ་རིགས་འདེབས་མཁན་ཕྱུག་པོར་འགྱུར་བ་དང་། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་ཡོང་བར་བྱས་ཏེ། མུ་མཐུད་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས།

འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པར་ཞིང་པ་དུང་ཕྱུར་མང་པོ་ནི་བྱེད་པོ་ཡིན།  “སུས་ས་ཞིང་འདེབས་སམ”ཞེས་པ་དེ་ནི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་ངེས་པར་དུ་ལན་འདེབས་དགོས་པའི་གནད་དོན་ཞིག་ཡིན་ལ། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན།

ཇི་ལྟར་བྱས་ནས་ཞིང་པའི་ཡོང་འབབ་འཕར་སྣོན་དང་འབྲུ་རིགས་ཐོན་འཕར་དུས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་གཙོ་གནད་ཐོག་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ཞིང་པར་འབྲུ་རིགས་འདེབས་འདོད་ཡོད་མེད་དང་འབྲུ་རིགས་ཅི་ཙམ་འདེབས་མིན་གྱི་གནད་འགག་ནི།  འབྲུ་རིགས་བཏབ་ན་ཞིང་པར་ཕན་པ་ཇི་ཙམ་ཐོབ་མིན་ལ་ལྟ་དགོས། ཐེངས་རེ་རེར་ཞིང་ཁ་ནས་ཞིང་ལས་སྐོར་གྱི་མ་རྩ་བཀའ་འདྲི་གནང་བ་དང་ཞིང་པའི་ཁྱིམ་དུ་ཕེབས་ནས་ཐོན་འབབ་ཅི་འདྲ་ཡོད་མེད་བཀའ་འདྲི་ཞིབ་རྒྱས་གནང་བ་ལས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལ་བརྩེ་བ་ཟབ་མོ་བཅངས་ བཞིན་པ་མཚོན་ཐུབ། དགེ་མཚན་ལྡན་པའི་ཞིང་ཕྱུག་སྲིད་ཇུས་དང་བྱེད་ཐབས་རེ་རེ་ལག་བསྟར་བྱས་པར་བརྟེན་ནས་རྒྱ་ཆེའི་ཞིང་པ་ཚོས་འབྲུ་རིགས་འདེབས་པའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

2022ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་ཐའེ་ཧོ་རྫོང་ཀྲང་ཧུའེ་སྡེ་བའི་ཞིང་པ་ཞུས་ཚུང་ཞང་ལ་འཕྲིན་ལན་སྤྲིངས་ནས། ལོ་འདི་དག་གི་རིང་ལ། ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ནི། ཀྲུང་གོ་བའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་དང་། འབྲུ་འདེབས་ཞིང་པར་ཡོང་འབབ་ཡོད་པ་དང་ཁེ་ཕན་ཐོབ་པར་བྱས་ནས།   འཚོ་བ་སྔར་ལས་ཇེ་བཟང་དང་བདེ་སྐྱིད་ལྡན་པར་བྱེད་རྒྱུ་དེ་ཞེས་གསུངས།

ཐོག་མཐའ་བར་གསུམ་དུ་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   འབྲུ་འདེབས་ཞིང་པའི་ཁ་གསབ་བརྟན་པོ་ཡོང་བ་དང་ཇེ་མང་དུ་གཏོང་དགོས།  འབྲུ་འདེབས་ཞིང་པར་དཔལ་འབྱོར་ཐད་གྱོང་གུན་མི་ཐེབས་པ་བྱེད་དགོས་ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བ་ཚང་མ་ནི་ཞིང་པས་རེ་སྒུག་བྱེད་ཀྱིན་པ་དེ་རེད།

དུས་རབས་གསར་པའི་ཚུན་ལ། རང་རྒྱལ་གྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བར་མ་ཟད། ཆུ་འབྲས་དང་གྲོ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཆུ་འབྲས་ལ་ཁ་གསབ་དང་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱེད་པ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་ཆབས་ཅིག འབྲུ་རིགས་གཙོ་བོ་ཆེན་པོ་གསུམ་གྱི་ཐོན་སྐྱེད་མ་གནས་དང་ཡོང་འབབ་ཉེན་ཚབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད།

ཞུས་ཚུང་ཞང་གི་བབ་ཆགས་པའི་སྐད་ཆ་དེས་རྒྱ་ཆེའི་ཞིང་པ་རྣམས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སེམས་པ་མཚོན་ཡོད་དེ། འབྲུ་འདེབས་ཁ་གསབ་དང་། ཉོ་སྒྲུབ་རིན་གོང་དམའ་བ།  ཞིང་ལས་རྒྱུ་ཆའི་ཁ་གསབ་བཅས་ཏང་གི་ཞིང་ཕན་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན། ཡུལ་མི་ཚོའི་འབྲུ་འདེབས་ཀྱི་བརྩོན་སེམས་སྔར་ལས་ཆེ་རུ་ཕྱིན་ཡོད་ཅེས་བཤད།

2022ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚ་གདུག་ལ་མ་འཛེམས་པར། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཡུང་ཧྥིན་སྡེ་བའི་ཆུ་འབྲས་ཀྱི་སོན་བཟང་གསར་པ་དང་ལག་རྩལ་གསར་པའི་ཚོད་ལྟའི་རྟེན་གཞིར་ཕེབས་ཏེ།  སྡེ་བས་ཞིང་པ་མང་ཚོགས་རྩ་འཛུགས་བྱས་ནས་སོན་བཟང་དང་སྔོན་ཐོན་ལག་རྩལ་སྤྱད་རྗེས། མུའུ་རེ་ནས་ཆུ་འབྲས་ཐོན་འབབ་སྤྱི་རྒྱ900ལྷག་ཟིན་པ་མཁྱེན་རྗེས།  སྤྱི་ཁྱབ་ཧྲུའུ་ཅིས“ཡག་པོ་འདུག”ཅེས་བསྔགས་བརྗོད་གནང་བ་རེད།

ཞིང་པ་ཚོས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ། ལག་རྩལ་ཡག་པོ་ལ་བརྟེན་ནས་འབྲུ་རིགས་ཡག་པོ་འདེབས་དགོས།   སོན་བཟང་དང་།   སྒྲིག་ཆས་བཟང་པོ།  ལག་རྩལ་བཟང་པོ་བཅས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཞིབ་རྨོ་ཞིབ་འདེབས་ཐད་འབད་བརྩོན་བྱས་ཏེ། འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་དང་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་དགོངས་ཟབ་མོ་དེ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁར་དོན་འཁྱོལ་བྱུང་ཡོད།

ཞིང་ལས་འཕྲུལ་ཆས་དང་། སོན་བཟང་།  ལག་རྩལ་བཟང་པོ་བཅས་ཀྱིས་ཞིང་ལས་ལ་ལོ་ལེགས་ཡོང་བར་གསོན་ཤུགས་བསྩལ་ཡོད། མིག་སྔར། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད63%ལས་བརྒལ་བ་མ་ཟད། ཞིང་ལས་ལོ་ཏོག་གི་སོན་བཟང་ཁེབས་ཚད96%ཡན་དང་། ཞིང་ལས་ལོ་ཏོག་རྨོ་འདེབས་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད74%ཟིན་ནས།  ཞིང་པ་སྔར་ལས་མང་བས་རིག་ནུས་ལ་བརྟེན་ནས་ས་ཞིང་འདེབས་བཞིན་ཡོད།

2016ལོའི་ཟླ5ཚེས24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧེ་ལུང་ཅང་ཧྥུའུ་ཡོན་ཅིའུ་ཁྲིན་ཆུ་འབྲས་འདེབས་འཛུགས་མཉམ་ལས་ཁང་དུ་ཕེབས་ནས་གཟིགས་ཞིབ་གནང་སྐབས། ཡུལ་མི་ཚོ་མཉམ་ལས་ཁང་དུ་ཧུར་ཐག་གིས་ཞུགས་པ་དང་སྡེ་མི་ལིའུ་ཡན་ཧུའེ་ཚང་གི་ལོ་གཅིག་གི་ཡོང་འབབ་སྒོར་འབུམ་གཅིག་ལྷག་ཡིན་པ་མཁྱེན་སྐབས།  སྤྱི་ཁྱབ་ཧྲུའུ་ཅིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་ཞིང་བ་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་དང་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ཞེས་གསུངས།

གཙོ་བོ་ས་ཞིང་ཇི་ལྟར་འདེབས་པ་ཐག་གཅོད་ཡག་པོ་བྱེད་པ་ཕྱོགས་སྟོན་དུ་བཟུང་ནས་ཞིང་ལས་གཉེར་སྐྱོང་མ་ལག་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ་དང་།  འབྲུ་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་གསར་གཏོད་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ཏེ། མ་རྩ་གྲོན་ཆུང་དང་འབབ་འཕར་ཡོང་བ་བྱེད་དགོས་ཞེས་ས་ཕྱོགས་གང་དུ་ཕེབས་རུང་དམངས་ཀྱི་སེམས་འདུན་གསན་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་བཅངས་ཡོད།

རྒྱལ་ཡོངས་ཀྱི་འབྲུ་འདེབས་ཆེད་ལས་མཉམ་ལས་ཁང་འབུམ་ལྔ་ཁྲི་བཞི་སྟོང་གཉིས་དང་།  འབྲུ་འདེབས་ཁྱིམ་ཚང་ཞིང་ར་ས་ཡ་གཅིག་འབུམ་བདུན་ཁྲི་དྲུག་སྟོང་ལྔ།  རྫོང་རིམ་པ་དང་དེའི་ཡན་གྱི་ཁེ་ལས་གཙོ་བོ་ཁྲི་དགུ་ལྷག་བཅས་ཀྱིས་ཞིང་པར་སྣེ་ཁྲིད་བྱས་ནས། ཞིང་འདེབས་པ་དང་ཡོང་འབབ་འཕར་བར་བྱས་ཡོད། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ས་ཡ་གཅིག་དང་ཁྲི་བདུན་ལྷག་གིས་སྦྲེལ་ཐག་ཧྲིལ་བོའི་ཞབས་ཞུ་མཁོ་འདོན་བྱས་ནས།  “འབྲུ་མཛོད་ཆེན་པོ”དེ“ཐབ་ཚང་ཆེན་པོར”གྱུར་ནས་འབྲུ་འདེབས་ཞིང་པ་སྔར་ལས་མང་བའི་སེམས་ཤུགས་འཕེལ་བར་བྱས་ཡོད།

འབྲུ་འདེབས་ཞིང་པའི་ཡོང་འབབ་འཕར་སྣོན་དང་འབྲུ་རིགས་ཐོན་སྐྱེད་བྱས་ཚེ། གཞི་ནས་འཚོ་བ་འགན་སྲུང་བྱེད་ཐུབ།   ཞིང་པ་ཕྱུག་འགྱུར་དང་། ཞིང་པའི་ལག་རྩལ་མཐོར་འདེགས། ཞིང་པར་རོགས་སྐྱོར་བཅས་བྱས་ནས།  ཞིང་ལས་གཉེར་སྐྱོང་ལ་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་ཞིང་པ་དུང་ཕྱུར་མང་པོའི་སེམས་ལ་དྲོ་ཁོལ་བསྩལ་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།