སྡོད་གནས་གསར་པར་སྤར། བདེ་སྡོད་ལས་ལ་སྤྲོ།
2024.06.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 ཉེ་ལམ། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཐ་རྒྱ་བོད་རིགས་ཡུལ་ཚོ་གོང་སྐྱ་སྡེ་བར་ཐོན་པ་ན། ལྗང་ལྡེམ་ལྡེམ་གྱི་ཞིང་ཚུགས་སུ་ཞིང་པ་རྣམས་ཀྱིས་ཡུར་མ་ཡུར་བ་དང་། དར་མ་རྣམས་ཕྱི་ཕྱོགས་སུ་ཞོར་ལས་གཉེར་དུ་སོང་ཞིང་། ས་ཡོམ་བྱུང་རྗེས་མི་ཁག་ཅིག་སྤྱི་ལེ95ཡི་མཚམས་ཀྱི་ཀ་མདོ་གྲོང་རྡལ་དུ་གནས་སྤར་བས། རི་གསེབ་ཏུ་ཐར་ཐོར་ངང་ཆགས་པའི་སྡེ་བ་ཧྲིལ་པོ་ཁུ་སིམ་མེར་གནས།

གློ་བུར་དུ་གློག་འཕྲུལ་གྱི་སྒྲ་ཞིག་གྲགས་བྱུང་། སྒྲ་གྲགས་པའི་ཕྱོགས་བཙལ་ཏེ་སོང་བ་ན་སྡེ་མི་ཚེ་རིང་དོན་འགྲུབ་ཚང་ལ་ཐོན། ཁོས་ལག་ཏུ་འབུར་ལེན་འཕྲུལ་ཆས་ཤིག་བཟུང་སྟེ་ཤིང་ལས་ལས་བཞིན་ཡོད་ལ། ཞིག་གསོ་དང་སྲ་བསྒྱུར་གཏོང་བཞིན་པའི་སོ་ཕག་དང་ཤིང་གིས་གྲུབ་པའི་ཁང་པ་དེའི་གྱང་ར་དང་ཀ་གདུང་ཚང་མ་འགྲུབ་ཡོད་པས། ཉེ་ལམ་ཁོ་རང་གདུང་མ་འཇོག་པའི་ལས་ལ་བྲེལ་བཞིན་ཡོད།

ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར།  བུ་དང་མནའ་མ་གཉིས་ཞོར་ལས་ལ་བུད་སོང་། ཉིན40ལྷག་གི་རྗེས་ནས་མ་གཏོགས་ཡོང་མི་ཐུབ། ངས་ཤིང་ལས་ཅུང་ཙམ་ཤེས་པས། དལ་མོར་ཁང་པ་ལས་བཞིན་ཡོད།  རྒན་མོ་ཞིང་ཁར་ཡུར་མ་ཡུར་དུ་བུད་སོང་ཟེར།

ཐ་རྒྱ་ཡུལ་ཚོའི་ཡུལ་གཙོ་རྣམ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ས་ཡོམ་བྱུང་རྗེས། ཧྭ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་ཐ་རྒྱ་ཡུལ་ཚོའི་སྤྱི་ཡོངས་ཀྱི་གནོད་ཕྱིའི་མངོན་མེད་རྐྱེན་ངན་འབྱུང་ཡུལ་དུ་གྲལ་བཤེར་བྱས་ཤིང་། མཇུག་མཐར་བིས་གྱ་ལ་ཁ་སྡེ་བ་དང་དབྱར་ས་སྡེ་བ། གོང་སྐྱ་སྡེ་བ་བཅས་ཀྱི་ཁྱིམ་ཚང268ཀྱི་སྡེ་མི་རྣམས་ས་གཤིས་གནོད་སྐྱོན་གྱི་ཉེན་ཁ་ཡོད་པའི་ས་ཁོངས་སུ་གནས་པ་གཏན་འཁེལ་བྱས་ཤིང་།   ས་གཞན་དུ་ཉེན་གཡོལ་གནས་སྤོར་བྱེད་དགོས་པའི་ཐག་བཅད། མངོན་མེད་རྐྱེན་ངན་འབྱུང་ཡུལ་དུ་མེད་པའི་ལྷག་འཕྲོའི་ཁྱིམ་ཚང51སྔོན་གྱི་སྡོད་གནས་སུ་བསྡད་དེ་ཁང་བ་ཞིག་གསོ་དང་སྲ་བསྒྱུར་བྱས་ལ། ས་ཡོམ་བྱུང་རྗེས་ཀྱི་རོགས་སྐྱོར་ཁ་གསབ་མ་དངུལ་སྐོར་དང་པོ་བྱིན་ནས་མང་ཚོགས་ཀྱི་ལག་ཏུ་འབྱོར་ཡོད་ཅིང་། སྡེ་མི་མང་ཆེ་ཤོས་ཀྱིས་ཁང་བ་ཞིག་གསོ་དང་སྲ་བསྒྱུར་བྱས་ཚར་ཏེ་ཕྱི་ཕྱོགས་སུ་ལས་ཀར་སོང་ཟིན་པས། ཡོད་ཚད་གོ་རིམ་དང་ལྡན་པ་ཞིག་རེད།

ཚེ་རིང་དོན་འགྲུབ་ཚང་དང་ཁ་བྲལ་རྗེས།  གོང་སྐྱ་སྡེ་བའི་ཧྲེ་གཉིས་པར་ཐོན་པ་ན། གནས་འདིའི་ཁང་པ་ཕལ་ཆེ་བ་བཤིག་ཚར་ལ། ར་སྐོར་ཁ་ཤས་སུ་ཡང་བསྐྱར་ལོ་ཏོག་བཏབ་འདུག སྡེ་མི་ཚང་མ་ཀ་མདོ་གྲོང་རྡལ་དུ་གནས་སྤར་ཟིན། ན་ནིང་གི་ཟླ12པའི་ཚེས18ཉིན་གྱི་ཅི་ཧྲི་རི་བོའི6.2ཅན་གྱི་ས་ཡོམ་བྱུང་ནས་ད་ལྟའི་བར་ཉིན140ལྷག་འགོར་སོང་། ཧྭ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གནོད་ཕྱིའི་ཉེན་གཡོལ་གནས་སྤོར་བྱེད་ཚད་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས་པར་མ་ཟད། དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

གནས་སྤོར་བདེ་འགོད་ཁུལ་སྟེ། ཀ་མདོ་གྲོང་རྡལ་ལུང་ཁང་སྡེ་བ་གསུམ་པར་ཐོན་པ་ན། སྡེ་མི་ཚོའི་ཁྱིམ་ཚང་རེ་རེའི་སྒོ་ཁ་རུ་འཛུགས་སྐྲུན་རྒྱུ་ཆས་སྤུངས་ཡོད་པ་དང་། ར་སྐོར་ནང་གི་འཕྲུལ་ཆས་ཀྱི་སྒྲ་དང་ཨར་འདམ་བརྫི་བའི་སྒྲ། དགོད་སྒྲ་བཅས་མཉམ་གཅིག་ཏུ་བསྡེབས་ཤིང་། བིས་གྱ་ལ་ཁ་སྡེ་བ་དང་དབྱར་ས་སྡེ་བ། གོང་སྐྱ་སྡེ་བ་བཅས་ཀྱི་སྡེ་མི་རྣམས་བློ་བདེ་བག་ཕེབས་ངང་ཐོན་སྐྱེད་ཀྱི་ལས་ལ་བྲེལ་ཞིང་། སེམས་བདེ་མོའི་ངང་འཚོ་བ་རོལ་བཞིན་ཡོད།

དབྱར་ས་སྡེ་བའི་སྡེ་མི་རིན་ཆེན་རྡོ་རྗེ་ཚང་དུ་སོང་བ་ན། ཁོ་དང་ཆུང་མ་ཀླུ་མོ་གཉིས་ར་སྐོར་ནང་དུ་ཙོག་སྟེ་ཁ་བརྡ་བྱེད་བཞིན་ཡོད། བྱང་ཕྱོགས་སུ་ཡོད་པའི་ཤིང་ཁང་གྱན8པོ་དེ་ནི་བརྗིད་ཆགས་པ་ཞིག་ཡིན་ཞིང་། དེ་སྟེང་འོག་གཉིས་སུ་བཀར་བའི་འོག་མ་ནི་སྡོད་ཁང་དང་སྟེང་མ་ནི་སྒོ་འབྱེད་རྣམ་པའི་ཉི་གཡབ་རེད། ཁང་པའི་ནང་གི་ཁྱིམ་ཆས་ཚང་མ་གསར་པ་ཡིན་ལ། དར་སྲོལ་གསར་བའི་རྗེས་ཆོད་འདུག ཁྱིམ་དུ་ད་དུང་ཁེར་སྤྱོད་ཅན་གྱི་གསང་སྤྱོད་ཁང་དང་ཇ་ཁང་ཡང་ཇུས་འགོད་བྱས་ཡོད།

རིན་ཆེན་རྡོ་རྗེས་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། “ང་ཚོ་ཀ་མདོ་གྲོང་རྡལ་དུ་འདུག་ཐུབ་པ་ཞིག་རྨི་ལམ་དུའང་རྨིས་མ་མྱོང་། སྔོན་ཆད་ཐ་རྒྱ་ནས་རྫོང་མཁར་དུ་འགྲོ་འདོད་ན་རླངས་འཁོར་མེད་པས། ལམ་ནས་དུས་ཚོད་ལྔ་དྲུག་ཙམ་འགོར་འགྲོ། ད་ལྟ་སྐར་མ40ཡི་ནང་དུ་བ་ཡན་གྲོང་རྡལ་དུ་ཐོན་ཐུབ་པས། ཚ་བོ་གཉིས་ཀ་སློབ་གྲྭར་འགྲོ་རྒྱུ་སྟབས་བདེ་ཡིན་ལ། ངེད་རྒན་རྒོན་གཉིས་ཀས་ནད་སྟོན་ནའང་སྟབས་བདེ་རེད། ད་དུང་མཁའ་དབུགས་ཀྱང་བཟང་བས། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཡང་ཡང་ཞུ།”ཟེར།

དབྱར་ས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇམ་དབྱངས་ཀྱིས་བཤད་རྒྱུར།  སྔོན་ཆད་བྱིས་པ་ཚོ་རྫོང་མཁར་དུ་སློབ་གྲྭར་འགྲོ་སྐབས། གུང་གསེང་བཏང་ན་ཕྱིར་ཐ་རྒྱར་ལོག་འདོད་མེད། ད་ལྟ་སློབ་གྲྭར་འགྲོ་རྒྱུ་སྟབས་བདེ་ལ། སྡེ་མི་ཚོ་ལས་ཀར་ཞུགས་པའི་གོ་སྐབས་ཀྱང་མང་བས།  ཚང་མ་ཕྱི་ཕྱོགས་སུ་ཞོར་ལས་ལ་འགྲོ་འདོད་ཡོད་པ་རེད་ཟེར།

ཧྭ་ལུང་རྫོང་ས་གཤིས་གནོད་སྐྱོན་ཉེན་གཡོལ་གནས་སྤོར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་པ་ཀྲོའུ་ཚུན་ཧྭ་ཡིས་གསར་འགོད་པར་བཤད་རྒྱུར། 2019ལོ་ནས་བཟུང་སྟེ། ཧྭ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྡེ་བ་གསུམ་པོའི་སྡོད་དམངས་ལ་གཞན་ཡུལ་ཉེན་གཡོལ་གནས་སྤོར་ལག་བསྟར་བྱས་པ་དང་། ས་ཡོམ་བྱུང་རྗེས་ཉེན་གཡོལ་གྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ཞིང་། གནས་སྤོར་བདེ་འགོད་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཞི་ས་ཡ་བཞི་འབུམ་གཉིས་ཁྲི་གཉིས་བཏང་བ་དང་།  ཁྱིམ་ཚང་རེར་སྒོར་འབུམ་གཅིག་དང་ཁྲི་དྲུག་སྟོང་ལྔ་ཡི་ཁ་གསབ་བྱིན། ཟླ5པའི་ཚེས8ཉིན་གྱི་བར་དུ། ཁྱིམ་ཚང242ཀྱིས་གཅིག་གྱུར་གྱི་རང་སྐྲུན་བྱེད་ཐབས་ལ་བརྟེན་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཁྱིམ་ཚང179ཁང་པའི་ནང་དུ་སྤར་ཡོད་ལ། ཉེན་གཡོལ་བདེ་འགོད་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་དངོས་འབེབས་བྱས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ཧྭ་ལུང་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཐ་རྒྱ་ཡུལ་ཚོའི་ཐ་ཨེར་སྡེ་བ་དང་མཚོ་འདན་མ་སྡེ་བ་གཉིས་སུ་སོ་སོར་བྲག་ཉུལ་བའི་ཉེན་ཁ་ཡོད་པའི་གནས་ཡུལ་གྱི་འགོག་བཅོས་བཟོ་འགོད་དང་རི་ཉུལ་བའི་ཉེན་ཁ་ཡོད་སའི་འགོག་བཅོས་བཟོ་འགོད་ལས་མགོ་བརྩམས་ནས་ལག་བསྟར་བྱས་ནས། མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་། སྐྱིད་སྣང་བཅས་སྔར་ལས་མཐོར་འདེགས་བཏང་ཡོད།

ལོ་འདི་འགའི་རིང་ལ། ཧྭ་ལུང་རྫོང་གིས་ས་གཤིས་གནོད་སྐྱོན་ཉེན་གཡོལ་གནས་སྤོར་བྱེད་པ་དེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་དང་ཞིང་སྡེའི་འཚོ་བའི་ཆ་རྐྱེན་ལེགས་བཅོས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས། གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་བཅས་བྱེད་པའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ནས། རྫོང་ཡོངས་ཀྱི་ཁྱིམ་ཚང1260ཡི་སྡོད་དམངས་ལ་ས་གཤིས་གནོད་སྐྱོན་ཉེན་གཡོལ་གནས་སྤོར་ལག་བསྟར་བྱས་ཟིན་ལ། དེའི་ཁྲོད། ཁྱིམ་ཚང636གི་རང་སྐྲུན་བདེ་འགོད་ཁང་པ་ལས་དགོས་པའི་ཁྲོད་ཁྱིམ་ཚང317གྱིས་ལས་མགོ་བརྩམས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ཁང་པ་ཉོས་ནས་བདེ་འགོད་བྱས་པའི་ཁྱིམ་ཚང624ཡི་ཁྲོད་ཀྱི་ཁྱིམ་ཚང311གིས་ཁང་པ་ཉོ་བའི་གན་རྒྱ་བཞག་ཡོད།   ཁྱིམ་ཚང330ཡི་སྡོད་དམངས་སྡོད་གནས་གསར་པར་སྤར།  མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དགུ་འབུམ་བཞི་ལྷག་དོན་འཁྱོལ་བྱས། དེ་དང་ཆབས་ཅིག ཐབས་བརྒྱ་ཇུས་སྟོང་གིས་ཆ་འགྲིག་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ལས་རྐང་འདོན་སྤྲོད་བྱས་ཏེ། མང་ཚོགས་གནས་སྤོར་ཐུབ་པ་དང་བརྟན་འཇགས་ཡོང་བ། ཡོང་སྒོ་ཡོད་པ།  ཕྱུག་འགྱུར་ཐུབ་པ་བཅས་ལ་ཁག་ཐེག་བྱས། 

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།