
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སེང་གེ་ཡུལ་ཚོ་མངགས་གཏོང་ཁང་དུ་མི་ཤེས་པ་གཅིག་ཀྱང་མེད་པའི"འཇོན་ཐང་ཅན"གྱི་མི་ཞིག་ཡོད་པ་དང་། ཁོས་ཨབ་དཀར་སྡེ་བ་ཡོངས་ཀྱི་དོན་དག་ཆེ་ཆུང་ཐམས་ཅད་དང་། ཁྱིམ་ཚང་གི་གནས་ཚུལ་ཐམས་ཅད་ཤེས་བཞིན་ཡོད་ཅིང་། ཁོ་ནི་སྡེ་བའི་ཉེན་རྟོག་པ་ཚེ་བསོད་རེད།
2021ལོའི་ཟླ7པར་ཚེ་བསོད་ནི་ཨབ་དཀར་སྡེ་བའི་ཉེན་རྟོག་པར་གྱུར་པ་དང་། སེང་གེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་འཐབ་འཛིང་བྱེད་མཁན་གྱི་ལས་གྲོགས་སུ་གྱུར་ནས་མི་དམངས་སྤྱི་བདེ་དང་འབྲལ་ཐབས་མེད་པའི་ལས་སྐལ་ལྡན་པར་གྱུར།
ཚེ་བསོད་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་རེ་རེའི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་། འབྲོག་པའི་སྒོ་ར་དང་། རྩྭ་རའི་ནང་དུས་རྒྱུན་ཁོ་རང་མཐོང་རྒྱུ་ཡོད་པས། ཚང་མས་གནས་ཚུལ་ཅི་ཞིག་ཡོད་ཀྱང་ཁོར་བཤད་འདོད་ཡོད་ལ། དཀའ་ངལ་ཅི་ཞིག་ཡོད་ཀྱང་ཁོང་བཙལ་ནས་གྲོས་བསྡུར་བྱེད་འདོད་ཡོད། ཁོང་གིས་ཚང་མར་ཁྲིམས་སྲོལ་དང་སྲིད་ཇུས་སྣ་ཚོགས་རྒྱུན་ཆད་མེད་པར་ཁྱབ་གདལ་དང་། འགྲེལ་བཤད། དྲིལ་སྒྲོག་བཅས་བྱས་པ་དང་། མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱས་པས། འགལ་བ་དང་རྩོད་གཞི་སྔོན་འགོག་དང་། རྩད་ཞིབ། འདུམ་འགྲིག་བྱེད་པའི་བྱ་བར་རྨང་གཞི་བརྟན་པོ་བཏིངས།
སྡེ་བའི་ཉེན་རྟོག་པར་གྱུར་ནས་ལོ་གསུམ་ཙམ་འགོར་བའི་རིང་ལ། ཚེ་བསོད་ཀྱིས་འབྲོག་ཁུལ་གྱི་ས་ཆ་སོ་སོ་རྐང་པས་འཇལ། ཁོང་གིས་ལུག་བཙལ་མྱོང་བ་དང་། དོམ་བདའ་མྱོང་ལ། རྡུང་རེས་བྱེད་མཁན་ལ་ཁ་ཏ་བསླབ་བྱ་བྱས་མྱོང་ཤིང་། ནད་པ་སྨན་ཁང་དུའང་བསྐྱལ་མྱོང་། དོན་དག་རེ་རེ་ཐག་གཅོད་བྱེད་པ་དེ་ཡིས་ཁོས་སྡེ་བའི་ཉེན་རྟོག་པའི་ལས་གནས་སུ་རང་འགན་གཙང་སྒྲུབ་བྱེད་པར་སྒུལ་ཤུགས་ཚད་མེད་བསྣན་ཡོད།
ཁ་རོག་གེར་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། ཉམས་མྱོང་ལ་བརྟེན་ནས་འགལ་བ་སེལ་བ། བྱ་སྤྱོད་ལ་བརྟེན་ནས་མི་སེམས་ལ་དྲོད་སྐྱིད་སྦྱིན་བཞིན་ཡོད། ཚེ་བསོད་ཀྱིས་བབ་ཆགས་པའི་བྱ་སྤྱོད་ལ་བརྟེན་ནས་སྡེ་བ་དང་རུ་ཁག་གི་ཡུལ་མི་ཚོར་བྱ་བ་ངོ་མ་མང་པོ་སྒྲུབ་པ་དང་། མངགས་གཏོང་ཁང་གི་བྱ་བའི་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ། ཁོས་དུས་རྒྱུན་སྡེ་བ་དང་རུ་ཁག་གཞན་པའི་ཉེན་རྟོག་པའི་བར་ལ་བྱ་བ་བརྗེ་རེས་བྱས་ཏེ། མཉམ་དུ་མཉམ་འགོག་མཉམ་ཞིབ་ཀྱི་བྱ་བ་སྤེལ་བ་དང་། འགལ་བ་དང་རྩོད་གཞི་མཉམ་དུ་སེལ་པས། སེང་གེ་ཡུལ་ཚོའི་མངའ་ཁོངས་སུ་དོན་དངོས་དང་འཚམ་པའི་སྡེ་བའི་ཉེན་རྟོག་པའི་བྱ་བའི་བྱེད་ཐབས་ཆ་ཚང་ཞིག་རིམ་བཞིན་ཆགས་ཡོད།
དུས་རྒྱུན་གྱི་མགོ་གཡོག་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་དྲིལ་སྒྲོག་བྱ་བའི་ཁྲོད། ཚེ་བསོད་ཀྱིས་གོ་བདེ་བའི་སྐད་ཆའི་ཐོག་ནས་འབྲོག་པ་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་བྱས་པ་དང་། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་མགོ་གཡོག་མགོ་སྐོར་ལ་ངོ་རྒོལ་བྱེད་རྒྱུ་དྲིལ་སྒྲོག་བྱས་ཤིང་། འབྲོག་པར་མགོ་གཡོག་མགོ་སྐོར་ལ་ངོ་རྒོལ་གྱིAppསྒྲིག་སྦྱོར་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཁ་པར་ལས་མགོ་གཡོག་མགོ་སྐོར་གཏོང་བར་ཉེན་བརྡའི་སྔོན་བརྡ་གཏོང་ཡུལ་ལ་སུན་སྣང་མེད་པར་ཁ་ཏ་སློབ་གསོ་བཏང་སྟེ། གྲགས་མེད་ཚོར་མེད་ཀྱི་ངང་ནས་མང་ཚོགས་ཀྱི་འགོག་སྲུང་འདུ་ཤེས་ཇེ་མཐོར་བཏང་། སེང་གེ་ཡུལ་ཚོའི་རམ་འདེགས་ཉེན་རྟོག་པ་ཡོངས་དང་ཚེ་བསོད་སོགས་སྡེ་བའི་ཉེན་རྟོག་པའི་ཐུན་མོང་འབད་བརྩོན་འོག ཡུལ་ཚོ་དེའི་སྡེ་བ་དང་རུ་ཁག་བཞི་བོ་རུ་ལོ་མང་པོའི་རིང་ལ་ཁ་པར་གྱི་མགོ་གཡོག་མགོ་སྐོར་གྱི་གྱོད་གཞི་གཅིག་ཀྱང་བྱུང་མྱོང་མེད་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་རྒྱུན་ཆད་མེད་པར་བརྟན་ལྷིང་བྱུང་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།
2024ལོའི་ལོ་སར་སྐབས་སུ། ཐེམ་རྫོང་ས་ཁུལ་དུ་གློ་བུར་དུ་ཁངས་ཆེན་པོ་བབས་པ་དང་རྫོང་སྤྱི་བདེ་ཅུའུ་བཀོད་འདོམས་ལྟེ་གནས་ལ་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུའི་ཁ་པར་ཞིག་འབྱོར་བ་དང་། རླངས་འཁོར་ཆུང་བ་ཞིག་ཁངས་ཆག་ཁྲོད་ལྷུང་ནས་ཕྱིར་སྐྱོད་ཐབས་བྲལ་ཞེས་བརྗོད། ཉེན་རྟོག་པ་ཐོན་རྗེས་མི་དམངས་ཉེན་རྟོག་པས་ཚེ་བསོད་ཁྲིད་དེ་མྱུར་མོར་ཡུལ་དངོས་སུ་ཐོན། ལྕགས་ཁེམ་གྱིས་ཁ་བ་ཕྱགས་པ་དང་། ཁངས་ནང་དུ་ཁ་སྦུབ་ལོག་ནས་འཁོར་ལོའི་འོག་ཏུ་དངོས་པོ་སྲ་མོ་བཏིངས་སྟེ། རླངས་འཁོར་ཡར་འཐེན་པ་སོགས་བྱས། དུས་ཚོད་ཕྱེད་ཀ་ལྷག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རླངས་འཁོར་ཡར་འཐེན་ཐུབ་པ་བྱུང་། “ཁྱེད་ཚོ་ཚང་མར་ངོ་མ་བཀའ་དྲིན་ཆེ། ང་ཚོ་ལམ་གྱི་གནས་ཚུལ་ལ་རྒྱུས་མངའ་མེད་པས། ཁྱེད་ཚོས་དུས་ཐོག་ཏུ་རོགས་རམ་མི་བྱེད་རྒྱུ་ན། ང་ཚོ་འགྲོ་ཐུབ་ཀྱི་མ་རེད”ཅེས་རླངས་འཁོར་ཁ་ལོ་བས་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད།
བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པས། ཚེ་བསོད་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས"སྡེ་བའི་ཕུལ་བྱུང་ཉེན་རྟོག་པར"བདམས་པ་དང་། ཚང་མས་པར་བླངས་ནས་ངེས་པར་དུ་གཟི་བརྗིད་མཚན་སྙན་དེ་ཟིན་ཐོར་འགོད་དགོས་ཞེས་བཤད། ཡིན་ཡང་དུས་རྒྱུན་སྤྲོ་སྣང་ལྡན་པའི་ཚེ་བསོད་སྐབས་དེར་ངོ་གནོང་བཞིན་པ་ལྟ་བུ་ཞིག་ཏུ་གྱུར། ཁོས་བཤད་རྒྱུར། "ང་རང་ཉིད་ཀྱི་ལས་ཀར་ཧ་ཅང་དགའ་པོ་ཡོད་ལ། རང་ཉིད་ཀྱང་སྡེ་བའི་ཉེན་རྟོག་པ་ཞིག་ཡིན་པར་སྤོབས་པ་སྐྱེས་བཞིན་འདུག་ཅེས་བཤད།
དྲག་ཏུ་འཁྱིལ་བའི་བརྩེ་བ་ཡི་གཏམ་རྒྱུད་མེད་ན། མིག་དབང་འཕྲོག་པའི་གཟི་བརྗིད་ཀྱི་མཚན་སྙན་ཡོད་མི་སྲིད། སྡེ་བའི་ཉེན་རྟོག་པ་མང་པོ་དང་འདྲ་བར་ཚེ་བསོད་ཀྱིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ནས་འབྲོག་པའི་སྒོ་ཁ་རུ་ཞབས་འདེགས་ཞུས་ཏེ། ཉེན་རྟོག་པ་དང་མང་ཚོགས་བར་གྱི"སེམས་པ་སྦྲེལ་བྱེད་ཀྱི་ཟམ་པ"བཙུགས་ནས"བྱ་བ་ཆུང་ཆུང་སྡེ་བ་ནས་ཐག་གཅོད་པ་དང་། དོན་དག་ཆེན་པོ་གྲོང་རྡལ་ནས་ཐག་གཅོད་པ། འགལ་བ་ཡར་མི་སྤྲོད་པའི”བྱ་བའི་དམིགས་འབེན་འབད་བརྩོན་གྱིས་མངོན་འགྱུར་བྱེད་དུ་བཅུག་ནས། མཐོ་སྒང་གི་འབྲོག་ཁུལ་དང་མཛེས་སྡུག་ལྡན་པའི་ཐེམ་ཆེན་གྱི་བདེ་འཇགས་ལ་སྙན་ཞིང་འཇེབས་པའི་རོལ་དབྱངས་ཞིག་འབྲི་བཞེངས་བྱས་ཡོད།
ཚེ་རིང་སྒྲོལ་མས་བསྒྱུར།