“སློབ་གསེང་གི་སྐབས་སུ། ངས་ནུས་ཚོད་ཀྱིས་ཁྱིམ་བདག་ལ་ལས་ཀ་ཙག་ཙིག་ལས་རོགས་བྱེད་ཀྱིན་ཡོད་ལ། ད་རུང་སློབ་གྲྭ་རུ་བསླབ་པའི་ཁོར་སྲུང་ཤེས་བྱ་མང་པོ་ཞིག་ཁོ་ཚོར་ཁྲིད་ཀྱིན་ཡོད།”
“སློབ་གྲྭའི་ནང་ང་ཚོས་རི་མོ་བྲིས་ཆོག་ལ་བསླབ་ཕྱིའི་དཔེ་དེབ་ཀྱང་ཀློག་ཆོག་པར་མ་ཟད། དགེ་སློབ་རྣམས་དང་མཉམ་དུ་སློབ་ཁང་གི་ཕྱི་རོལ་དུ་སོང་ནས་མེ་ཏོག་དང་རྩི་ཤིང་ལ་ལྟ་བ་དང་། ཤོག་བྱ་སྤུར་བ་དང་ལུས་སྦྱོང་ཡང་བྱེད་ཆོག་པས། ངོ་མ་སྐྱིད་པོ་རེད།”“སློབ་གྲྭ་ནི་ང་ཚོའི་ཆེས་མཛེས་པའི་གཞིས་ཁྱིམ་དེ་ཡིན།”
སློབ་གྲྭའི་ཕྱི་ནང་གི་སློབ་སྦྱོང་དང་འཚོ་བ་གླེང་སྐབས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོ་སློབ་ཆུང་གི་སློབ་མ་རྣམས་ཀྱིས་གཅིག་ཁ་གཅིག་གིས་འཕྲོག་ནས་བཤད་བྱུང་། རྫོང་མཁར་དང་བར་ཐག་སྤྱི་ལེ267ཡོད་པའི་ཟོ་སྐྱ་ཡུལ་ཚོ་སློབ་ཆུང་ལ“འབྲི་ཆུའི་འབྱུང་ཡུལ་གྱི་སློབ་གྲྭ་དང་པོ”ཞེས་འབོད་པ་དང་། སློབ་མ70ལྷག་ཡོད་པ་རྣམས་ཟོ་སྐྱ་ཡུལ་ཚོའི་སྡེ་བ་སོ་སོ་ནས་ཡོང་བ་རེད། ཟོ་སྐྱ་ཡུལ་ཚོའི་གནམ་གཤིས་འཁྱགས་ལ་དབྱང་རླུང་དཀོན་པ་དང་། རང་བྱུང་ཆ་རྐྱེན་ཧ་ཅང་ཞན། ཆ་རྐྱེན་དང་ཁོར་ཡུག་ཧ་ཅང་སྡུག་ནའང་གནས་འདིའི་སློབ་གྲྭའི་འཛུགས་སྐྲུན་ནི་ཆེས་བཟང་བ་རེད།
ཞོགས་པར། སློབ་རའི་ནང་དུ་བྱིས་པས་གྱེར་འདོན་བྱེད་པའི་སྒྲས་ཁེངས་ཡོད་པས། མཚོ་འཕང་ལ་མུས4700ཡོད་པའི་ཡུལ་ཚོ་འདིར་གསོན་ཤུགས་མི་ཉུང་བ་ཞིག་བསྩལ་ཡོད། འཛིན་གྲྭ་རེ་རེར་སློབ་མ་ཉུང་བའི་དབང་གིས་སློབ་གྲྭས་སློབ་ཁང་ནང་དུ་བར་གྱང་གིས་བཅད་དེ་སློབ་མ་རྣམས་ཆེས་དགའ་བའི་དཔེ་ཀློག་དང་ངལ་གསོ། ལས་བྱ་འབྲི་ས་སོགས་ཀྱི་ཁོར་ཡུག་བསྐྲུན་ཡོད།“ད་ལྟ་སློབ་གྲྭས་འཛིན་གྲྭ་རེ་ལ་ཞི་འོད་སྒོ་སམ་བཀོད་སྒྲིག་བྱས་ཡོད། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ནང་འདྲེན་བྱས་པ་དེས། སློབ་ཁྲིད་བྱེད་སྟངས་ཇེ་ལེགས་སུ་བཏང་ཡོད་པར་མ་ཟད། སློབ་ཁང་གི་སློབ་ཁྲིད་སྔར་ལས་གསོན་ཤུགས་ལྡན་པ་དང་ཐད་ཀར་མཐོང་བ། ནུས་པ་མཐོ་བ་ཞིག་ཏུ་བཏང་ཡོད། ང་ཚོས་ཞི་འོད་སྒོ་སམ་སྤྱད་དེ་སློབ་གསེང་འགྲེམ་སྟོན་དང་བརྙན་རིས་གཏོང་བ། ཡུལ་དངོས་བརྗེ་རེས་བཅས་བྱེད་ཆོག་པས། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་བ་དང་ཞུགས་ཚད་ཚད་མཐོན་པོས་ཇེ་ཆེར་བཏང་ཡོད”ཅེས་ཆབ་སྲིད་སློབ་སྟོན་པ་ཁྲ་རིས་ཀྱིས་དེ་ལྟར་བཤད།
སློབ་གཙོ་བཀྲ་ཤིས་ཆོས་འཕེལ་གྱིས་བཤད་རྒྱུར།“‘འབྲི་ཆུའི་འབྱུང་ཡུལ’གྱི་དམིགས་བསལ་ཁྱབ་ཁོངས་དང་སྐྱེ་ཁམས་ཁྱད་ཆོས་ལ་དམིགས་ནས། ང་ཚོས‘སྲུང་’གི་རིག་གནས་ཁྱད་ཆོས་ཀྱི་སློབ་གསོའི་འདུ་ཤེས་བཏོན་པ་དང་། སྙིང་སྟོབས་བརྟན་སྲུང་དང་སྙིང་སྟོབས་ལེགས་སྐྱེས་སུ་འབུལ་བ། གསར་བརྗེའི་སློབ་གསོ་སོགས་བྱས་པ་བརྒྱུད་དེ། བྱིས་པ་རྣམས་ཀྱི་ཀུན་སྤྱོད་ལེགས་པོ་དང་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་གསོ་སྐྱོང་བྱས་པ་ཡིན་ལ། གསར་བརྗེའི་ཁྲིད་སྟོན་དང་སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཀྱི་བླ་སྲོག་སྐྲུན་པ་སོགས་ཀྱི་སློབ་སྒྲུབ་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བྱིས་པ་རྣམས་ལ་བདེ་ཐང་དང་ཧུར་བརྩོན་ཡར་ཐོན་གྱི་འཚར་ལོངས་ཁོར་ཡུག་ཅིག་བསྐྲུན་ཡོད”ཟེར།
“སྲུང་”གི་རིག་གནས་རྒྱབ་ལྗོངས་འོག སློབ་གྲྭའི་དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་སྤྱོད་པ་བླ་མེད་ལ་བརྟེན་ནས་སློབ་མའི་གཤིས་རྒྱུད་སྐྱོང་བ་དང་། སློབ་མར་རིན་ཐང་གི་ལྟ་བ་དང་ཀུན་སྤྱོད་ཀྱི་ལྟ་བ་ཡང་དག་པ་ཆགས་སུ་བཅུག་ལ། སློབ་མའི་དགའ་ཕྱོགས་དང་ཁྱད་ཆོས་སྐྱེད་སྲིང་ལ་དོ་སྣང་བྱས་པ་དང་། སྣ་མང་ཕུན་སུམ་ཚོགས་པོའི་སློབ་ཕྱིའི་བྱ་འགུལ་དང་ལག་ལེན་སློབ་ཁྲིད་ལ་བརྟེན་ནས་ཁོ་ཚོ་འཚར་ལོངས་འབྱུང་བ་དང་ཕུགས་འདུན་བསྙེག་ཏུ་བཅུག་ཡོད།
གླེང་རིན་ཡོད་པ་ཞིག་ནི། ཁོར་ཡུག་སྲུང་སྐྱོབ་པ་རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་སྔོན་ཆད་བྱ་བ་སྒྲུབ་ས་དང་འཚོ་བ་རོལ་ས་ཡིན་པའི་ཆ་ནས་སློབ་གྲྭས་རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་རྒྱུན་འཛིན་ལེགས་པོ་བྱས་ཡོད་ལ། སྙིང་སྟོབས་དེ་སློབ་མ་རྣམས་ལ་ཀུན་སྤྱོད་སློབ་གསོ་གཏོང་བའི་བསླབ་དེབ་ཏུ་བཏང་ཡོད།
“སློབ་གསོ་ནི་མ་འོངས་པའི་རེ་བ་ཡིན་ལ། སློབ་གསོ་འཛིན་དགོས་ན་རྨང་གཞི་འཛིན་དགོས་པ་དང་། སློབ་ཆུང་གི་སློབ་གསོ་ནི་རྨང་གཞིའི་ཁྲོད་ཀྱི་རྨང་གཞི་རེད”ཅེས་པའི་རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་སྐད་ཆ་འདི་ད་ལྟ་ད་རུང་སློབ་ཁྲིད་ཐོག་ཁང་གི་ཚོམས་ཆེན་དུ་བྲིས་ཡོད་པས། སློབ་གྲྭའི་དགེ་སློབ་རྣམས་ལ་སྐུལ་ལྕག་གཏོང་བཞིན་ཡོད།
དེ་བས་སློབ་གྲྭས་དབྱར་ཁར“གཟའ་འཁོར་རེའི་ཁོར་སྲུང་སློབ་ཁྲིད”བཀོད་སྒྲིག་བྱས་ཡོད་པ་དང་། ཁོར་སྲུང་སློབ་ཁྲིད་ཀྱི་བརྗོད་དོན་ནི་སློབ་ཁང་ནས་བུད་དེ་རང་བྱུང་ཁམས་དང་ཉེ་བར་བཅར་ཞིང་། རྩྭ་ཐང་གི་སྲོག་ཆགས་དང་སྐྱེ་དངོས། གངས་རི། འཁྱགས་རོམ། ཆུ་བོ་སོགས་གཟའ་འཁོར་རེའི་སློབ་ཁྲིད་ཀྱི་བརྗོད་དོན་མི་འདྲ་བ་རེད། དགུན་ཁའི་ཁོར་སྲུང་སློབ་ཁྲིད་ཀྱི་བརྗོད་དོན་ནི་རང་བྱུང་ཁོར་ཡུག་ཡིན་ལ། དཔེ་དེབ་སྟེང་གི་ཤེས་བྱ་བརྒྱུད་དེ་རྩྭ་ཐང་ལས་འདས་པའི་རང་བྱུང་སྐྱེ་ཁམས་མ་ལག་སྣ་ཚོགས་རོལ་མྱོང་བྱེད་རྒྱུ་དེ་ཡིན།
“སློབ་མ་གསར་པ་རེ་རེ་ལ་ང་ཚོས་རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་གཏམ་རྒྱུད་བཤད་པ་དང་། ཕ་ཡུལ་གྱི་གཙོད་དང་གསའ་སོགས་རི་དྭགས་རྩ་ཆེན་རིགས་བཤད་དེ། ཁོ་ཚོར་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇི་ལྟར་སྲུང་སྐྱོབ་བྱེད་སྟངས་ཤེས་སུ་བཅུག་པ་ཡིན། ད་ལྟ་སློབ་གྲྭས་སྐེ་དཀྲིས་དམར་པོའི་རྒྱང་སྒྲོག་ས་ཚིགས་བཙུགས་ཤིང་། བྱིས་པ་རྣམས་ལ་རང་ཉིད་ངོམ་སའི་སྟེགས་བུ་ཞིག་སྐྲུན་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཤེས་བྱ་དང་འདུ་ཤེས་བརྒྱུད་སྒྲོག་བྱེད་ཀྱིན་ཡོད”ཅེས་སློབ་གཙོ་གཞོན་པ་པདྨ་མཚོ་མོས་དེ་ལྟར་བཤད།
སློབ་གྲྭའི་ནང་དུ་བྱ་འགུལ་སྣ་ཚོགས་སྤེལ་ཞོར། སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་ཡང་དམ་འཛིན་བྱེད་ཀྱིན་ཡོད།“ང་ཚོས་དུས་བཅད་ལྟར་བྱིས་པ་རྣམས་ཁྲིད་དེ་སློབ་གྲྭའི་ཕྱི་རོལ་དུ་འགྲོ་བ་དང་བྱིས་པ་རྣམས་ལ་ཕ་ཡུལ་གྱི་རྩྭ་དང་རྩི་ཤིང་། རི་དྭགས་སོགས་ལ་ལྟ་རུ་འཇུག་བཞིན་ཡོད་ལ། ལམ་བར་དུ་ད་རུང་གད་སྙིགས་འཐུ་བ་དང་། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཤོག་སྒམ་དང་འགྱིག་ཤོག་སོགས་ཀྱི་གད་སྙིགས་སོ་སོར་དགར་ཏེ་ཕྱིར་སྡུད་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཁོར་སྲུང་སྐར་བསགས་ཀྱི་རྣམ་པ་བཙུགས་ཤིང་། བསགས་པའི་སྐར་གྲངས་དེ་སློབ་སྦྱོང་ཡོ་ཆས་ལ་བརྗེས་ཏེ། སློབ་མ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམས་གཤིས་ལེགས་པོ་ཆགས་སུ་བཅུག་པ་ཡིན”ཞེས་པདྨ་མཚོ་མོས་དེ་ལྟར་བཤད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།