སྡེ་བ་མཛེས་ཤིང་མང་ཚོགས་ཕྱུག་ལ་ཐོན་ལས་དར་བས་བདེ་སྐྱིད་དཔལ་ལ་རོལ།
2024.07.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བའི་བོད་པ་ཚང་དམངས་སྲོལ་ཁང་དུ་འདུ་འཛི་ཤིན་ཏུ་ཆེ། སྡེ་མི་པད་མ་དབང་ཕྱུག་དང་ཁོའི་གྲོགས་པོ་རྣམས་ཀྱིས་གླུ་དབྱངས་མཉན་སྤྲོ་བོ་ཞིག་གི་གདངས་དང་བསྟུན་ནས་གར་སྟེགས་སུ་ཞབས་བྲོ་འཁྲབ་སྦྱོང་བྱས་པ་ལ། གར་སྟེགས་འོག་གི་གྲོགས་པོ་གྲོགས་མོ་རྣམས་ཀྱིས་ཐལ་མོ་ལྷང་ལྷང་བརྡབས།

“ཉིན་འགའི་རྗེས་སུ་སྡེ་བའི་ནང་སྡེ་བ་གསར་པར་གནས་སྤར་ནས་ལོ་འཁོར20ལོན་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པས། གྲོགས་པོ་རྣམས་ལྷན་དུ་འཛོམས་ཏེ་ཞབས་བྲོ་སྦྱོང་བཞིན་ཡོད་ལ། ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་བྲོ་རུ་འཁྲབ་རྒྱུ་ཡིན”ཞེས་འཁྲབ་སྦྱོང་ཁོམ་གསེང་དུ་པད་མ་དབང་ཕྱུག་ལ་སྤྲོ་བས་ཁེངས་ཏེ། མཛུ་གུས་གར་སྟེགས་ཀྱི་བརྙན་ཡོལ་སྟེང་དུ་འཆར་བཞིན་པའི་འབྲི་ཆུའི་མགོ་ཁུངས་སྡེ་བ་འབྲོག་ཁུལ་ནས་གྲོང་ཁྱེར་དུ་གནས་སྤར་རྗེས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་བའི་བརྙན་ཐུང་ལ་བསྟན་ཏེ། གསར་འགོད་པར་ཞབས་བྲོ་དེ་ཡི་གོ་དོན་འགྲེལ་བཤད་བྱས།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་བོད་པ་ཚང་དམངས་སྲོལ་ཁང་གི་བདག་གཉེར་པར་འོས་སྦྱོར་བྱས་པའི་པད་མ་དབང་ཕྱུག་ལ་འགན་འཁྲིའི་འདུ་ཤེས་དྲག་པོ་ལྡན་ཞིང་། ཁོས་བོད་པ་ཚང་ཚོང་གཉེར་བྱས་པ་ཤིན་ཏུ་བཟང་བར་མ་ཟད་མཚམས་རེར་བྲོ་འཁྲབ་ནས་མགྲོན་པོ་རྣམས་འགུག་ཅི་ཐུབ་བྱེད་ཀྱིན་ཡོད། ཉིན་འགའི་སྔོན་ལ། སྡེ་བའི་ནང་དུ་འཁྲབ་སྟོན་ལེ་ཚན་སྡུད་སྐབས་པད་མ་དབང་ཕྱུག་གིས་དགའ་དགའ་སྤྲོ་སྤྲོས་མིང་ཐོ་བཀོད་ཅིང་ངར་ཤུགས་ཀྱིས་འཁྲབ་སྦྱོང་ནང་ཞུགས་ཏེ། བྱ་སྤྱོད་དངོས་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཡི་བྱ་བར་རམ་འདེགས་བྱས།

“སྡེ་བས་ངའི་ལས་ཞུགས་ཀྱི་གནད་དོན་ཐག་གིས་བཅད་པས། ངས་ཀྱང་སྡེ་བར་བྱས་རྗེས་ཅུང་ཙམ་འཇོག་བསམ་པ་ཡིན”ཞེས་པད་མ་དབང་ཕྱུག་གིས་དེ་ལྟར་བཤད། སྔོན་ཆད་ཁོ་ལ་བརྟན་འཇགས་ཀྱི་ལས་རིགས་ཤིག་མེད་པར་སེམས་སྡུག་པ་ཡིན། ད་ལྟ་བོད་པ་ཚང་དམངས་སྲོལ་ཁང་གི་སྒོ་ཕྱེ་བས། ཁོས་ཁྱིམ་ཚང་གི་སྒོ་ཁ་ནས་རང་ཉིད་འཇོན་ཞིང་དགའ་བའི་བྱ་བ་ཞིག་རྙེད་ཡོད་པས་ངེས་པར་ཧུར་བརྩོན་གྱིས་བྱ་བ་ལེགས་པོར་སྒྲུབ་ཀྱིན་ཡོད།

“ད་ལོའི་ཟླ4པར་སྒོ་ཕྱེས་བའི་ཚུན་དུ། ང་ཚོ་འདིར་ཡོང་སྟེ་རྩམ་པ་དང་ཞོ། ནོར་ལུག་ཤ་སོགས་བོད་ཟས་ཀྱི་བྲོ་བ་མྱོང་བ་དང་མི་རིགས་ཞབས་བྲོར་ལྟད་མོར་ལྟ་བ། མི་རིགས་ཀྱི་ལག་ཤེས་ཐོན་རྫས་ཉོ་བའི་ཡུལ་སྐོར་པ་མང་བས། ཡོང་སྒོ་ཅུང་ཙམ་བཟང”ཞེས་པད་མ་དབང་ཕྱུག་གིས་དེ་ལྟར་བཤད། བོད་པ་ཚང་དམངས་སྲོལ་ཁང་གི་སྒོ་ཕྱེ་རྗེས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་ཐབས་ཤེས་བཏོན་པར་མ་ཟད་སྟོབས་ཤུགས་ཀྱང་ཕུལ། སྡེ་བའི་ཐུན་མོང་ཐོན་ལས་དེ་བོད་ཟས་དང་བོད་ཀྱི་རྒྱན་ཆ། བོད་ཀྱི་དམངས་སྲོལ་བཤམས་སྟོན། ཁྱད་ལྡན་མི་རིགས་ཞབས་བྲོ་སོགས་ཀྱི་སྣ་མང་གྲུབ་ཆའི་ཁྲོད་དུ་འདྲེས་པས་ཚོང་ལམ་རིམ་བཞིན་དྲང་ཕྱོགས་སུ་བསྐྱོད་པ་དང་། སྡེ་དམངས་བཅུ་ཕྲག་ཅིག་གི་ལས་ཞུགས་གནད་དོན་ཡང་ཐག་བཅད་པ་རེད།

“ལོ་འདི་འགའི་རིང་ལ། སྡེ་བར་འཕེལ་རྒྱས་བྱུང་བ་ཧ་ཅང་བཟང་བས། ང་རང་གཞན་ཡུལ་དུ་སོང་ནས་སློབ་གྲྭར་འགྲིམ་རྗེས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན།” སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་ཚེ་དབང་སྒྲོལ་མས་ད་ལྟ་སྡེ་བའི་དམངས་སྲོལ་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད་ལ། མོས་གསར་འགོད་པར། ད་ལྟ་མོ་དང་འདྲ་བར་ཕྱིར་སྡེ་བར་ལོག་ཅིང་ལས་ཞུགས་ལས་སྐྲུན་བྱས་ཏེ་ཕ་ཡུལ་གྱི་འཛུགས་སྐྲུན་ཁྲོད་ཞུགས་མཁན་ཤིན་ཏུ་མང་ཟེར།

ལོ་འདི་འགའི་རིང་ལ། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ་སྟེ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་དང་སྡེ་སྡོད་བྱ་བའི་རུ་ཁག་གིས་ལས་གཞི་བརྩོན་ལེན་དང་མ་དངུལ་གྲབས་གསོག མཚམས་སྦྱོར་བྱས་པ་བརྒྱུད་ནས། སྔ་གཞུག་ཏུ་མ་དངུལ་སྒོར་མོ་ས་ཡ་གསུམ་བཏང་སྟེ་ནོར་ལུག་ཤ་འཁྱགས་ཉར་དང་ལས་སྣོན་བཟོ་གྲྭ་བཙུགས་ཤིང་ལས་གཞི་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་མོ་ས་ཡ་བདུན་དང་འབུམ་གསུམ་ཁྲི་དྲུག་བཏང་སྟེ། བོད་པ་ཚང་དམངས་སྲོལ་ཁང་གཉེར། ལས་གཞི་འདི་དག་ལག་བསྟར་བྱས་ཤིང་བཀོལ་སྤྱོད་བྱས་པས་སྡེ་དམངས་ཀྱི་ཡོང་སྒོ་འཕར་བར་ཕན་ལྡན་གྱིས་སྣེ་ཁྲིད་ཅིང་སྡེ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

“སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་ལེགས་སུ་སོང་བས་སྡེ་དམངས་རྣམས་ཀྱིས་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་དོན་ཆེན་བསྒྲུབ་ཐུབ་པར་འདོད་དེ། རྗེས་ཕྱོགས་ཀྱི་བྱ་བ་བསྒྲུབ་པར་མང་ཚོགས་ཀྱི་རམ་འདེགས་ཡོད་པར་གྱུར་ལ། གྲོང་གསེབ་དར་སྤེལ་གྱི་བརྗོད་བྱ་འདི་ད་གཟོད་འབྲི་མགོ་རྩོམ་ཐུབ་པར་གྱུར”ཞེས་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་ཤིས་ཟླ་བས་དེ་ལྟར་བཤད། ན་ནིང་། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་ཁྲི་བདུན་ལ་སླེབས་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གསུམ་དང་སྟོང་དྲུག་ལྷག་ལ་སླེབས་པ་དེ་ན་ནིང་གི་དུས་མཉམ་ལས8%འཕར་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་ཉིན་རེ་བཞིན་ཇེ་བཟང་དང་ཡུལ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་ནས་ཇེ་མང་དུ་གྱུར་པས། ཚང་མ་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་སྡེ་མི་རྣམས་ཡོང་འཕར་ཕྱུག་འགྱུར་འབྱུང་བར་ཡིད་ཆེས་ཇེ་ཆེ་ནས་ཇེ་ཆེར་གྱུར།

འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཐུན་མོང་ཐོན་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ་དང་། སྡེ་མི་རྣམས་ཀྱི་ལས་ཞུགས་ཡོང་འཕར་ལ་སྣེ་ཁྲིད་བྱས་པ་དང་མཉམ་དུ། ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་གྱི་རིག་པ་ཡོད་པ་དང་རིག་ལམ་སྐྱེན་པ། མཆོང་ཕོད་ཅིང་སྒྲུབ་ཕོད་པའི་ཏང་ཡོན་ནི་སྡེ་དམངས་ལས་སྐྲུན་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པར་གྱུར།

སྡེ་བའི་ཏང་ཀྲི་པུའུ་ཡི་དྲིལ་སྒྲོག་ཨུ་ཡོན་ནོར་བུ་བསམ་འགྲུབ་ཀྱིས་ལོ་འདི་གཉིས་ཀྱི་ནང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་སྡོད་བྱ་བའི་རུ་ཁག་གིས་སྐུལ་མ་བཏང་བའི་འོག སྡེ་བའི་ནང་དུ་ཞག་སྡོད་དང་བཟའ་བཏུང་། གྱོན་ཆས། མི་རིགས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བཅས་ཀྱི་ཞབས་ཞུ་གཞི་གཅིག་ཅན་གྱི་བོད་ལུགས་འགྲུལ་ཁང་ཞིག་གཉེར། ཚོང་ཧ་ཅང་བཟང་བས་སྡེ་མི་རྣམས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་བསླངས་པ་དང་། ཁོའི་ཤུགས་རྐྱེན་དང་རོགས་རམ་འོག སྡེ་མི་ཞིག་གིས་སྡེ་བའི་གོམ་བགྲོད་སྲང་ལམ་དུ་འཁྲབ་སྟོན་ལྟེ་གནས་ཕྱེས་བ་དང་། དེ་ཡིས་སྡེ་མི5ཡི་ལས་ཞུགས་ཡོང་འཕར་ལ་བདེ་བླག་གིས་སྣེ་ཁྲིད་བྱས།

མིག་སྔར། འབྲི་ཆུའི་མགོ་ཁུངས་སྡེ་བར་བསྡོམས་པས་ཏང་ཡོན57ཡོད་ལ། དེའི་ཁྲོད་དུ་ནོར་བུ་བསམ་འགྲུབ་ལྟར་བསམ་བློ་ཡོད་ཅིང་ལས་སྒྲུབ་བྱེད་ཕོད་པའི་ཏང་ཡོན་མང་པོ་ཡོད། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཏུ་སྔོན་སྐྱོད་དཔེ་མཚོན་དེ་དག་གིས་རང་ཉིད་ཕྱུག་པོར་བཏང་བར་མ་ཟད། སྡེ་བ་ཡོངས་ཀྱི་ཁྱིམ་ཚང200ཡི་སྡེ་མི་རྣམས་མཉམ་དུ་ཕྱུག་བསྒྱུར་གྱི་བགྲོད་ལམ་དུ་བསྐྱོད་པར་སྣེ་འདྲེན་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ལོ་འདི་འགའི་རིང་ལ། འབྲི་ཆུའི་མགོ་ཁུངས་སྡེ་བར་སྔ་གཞུག་ཏུ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་དཔེ་སྟོན་སྡེ་བ”དང“རྒྱལ་ཡོངས་དཔལ་ཡོན་སྡེ་གྲོང་།”“རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ།”“ཀྲུང་གོ་གྲངས་ཉུང་མི་རིགས་ཁྱད་ལྡན་སྡེ་བ”སོགས་ཀྱི་གཟི་བརྗིད་དང་མཚན་སྙན་ཐོབ་པ་དང་། 2021ལོར། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ལ“རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ།

“འདི་དག་ནི་ང་ཚོའི་སྡེ་མི་ཡོངས་ཀྱི་གཟི་བརྗིད་ཡིན”ཞེས་བཀྲ་ཤིས་ཟླ་བས་དགའ་སྤྲོའི་ངང་བཤད།

འབྲི་ཆུའི་མགོ་ཁུངས་སྡེ་བའི་བོད་པ་ཚང་དམངས་སྲོལ་ཁང་གི་ནང་དུ་གླུ་སྒྲས་ཁེངས་ཤིང་། སྡེ་དམངས་རྣམས་ཀྱིས་དྲིན་ཚོར་གྱི་འདུ་ཤེས་ཡིད་ལ་བཅངས་བ་དང་། མ་འོངས་པར་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་རེ་སྨོན་འཆང་བཞིན་ཁོ་ཚོས་རང་ཉིད་ལ་གཏོགས་པའི་བདེ་སྐྱིད་ཀྱི་འཚོ་བ་སྐྱིད་པོ་དེ་བྲོ་རུ་འཁྲབ་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།