མཉམ་ལས་ཁང་གི་ནོར་གནག་དག་དབྱར་སའི་ཕྱུགས་ར་གསར་བའི་ནང་བཅུག
བཀྲ་ཤིས་དཔལ་ལྡན་ཕྱུགས་རར་ལས་ལ་བྲེལ་བཞིན་པ།
ནེམ་རྩྭ་སྐྱེས་ནས་རི་སྒང་ཐམས་ཅད་སྔོ་ལྗང་དུ་གྱུར་ཡོད་ཅིང་། ཚ་ཆུང་འདས་རྗེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྦྲ་རྒན་ཡུལ་ཚོའི་ནམ་ཟླ་རིམ་བཞིན་ཇེ་དྲོར་སོང་།
གཏེར་ཆུ་སྡེ་བའི་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་དུ། ཤ་ཤེད་རྒྱས་པའི་ནོར་གནག་དག་རྩྭ་སའི་ནང་བག་ཕེབས་ཀྱིས་རྩྭ་ལ་རོལ་བཞིན་ཡོད་པ་དང་། ནོར་གནག་གི་ངུར་སྒྲ་བར་མེད་དུ་གྲགས་བཞིན་ཡོད།
སྡེ་མི་ཀུན་བཟང་དགེ་ལེགས་ཀྱིས་བཤད་རྒྱུར། བལྟོས་དང་། ནོར་གནག་དར་མ་འདི་དག་ཅི་འདྲའི་ཤ་ཤེད་ལྡན་པ་ལ་ཨང་། ཟླ་སྔོན་མའི་ཟླ་མཇུག་ཏུ། སྡེ་བའི་མཉམ་ལས་ཁང་གི་ནོར་གནག་སྟོང་གཅིག་དང་ལྔ་བརྒྱ་ལྷག་དགུན་ཁའི་རྩྭ་ས་ནས་དབྱར་ཁའི་རྩྭ་སར་རུ་སྤར་བ་དང་། དབྱར་ཁའི་རྩྭ་སར་ནམ་ཟླ་དྲོ་ཞིང་རྩྭ་ཆུ་ཉིས་འཛོམས་ཡིན། ང་ཚོས་ཟླ་ངོ་གསུམ་ལྷག་གི་དུས་ཡུན་ནང་ཕྱུགས་ཟོག་ལ་ཤེད་འབུད་དུ་བཅུག་རྗེས། སྟོན་དང་དགུན་གྱི་དུས་སུ། ཕྱིར་དགུན་ཁའི་རྩྭ་སར་རུ་སྤོ་བ་ཡིན་ཟེར།
གམ་དུ་ཡོད་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་དཔལ་ལྡན་གྱིས་དེར་མཐུད་ནས་བཤད་རྒྱུར། འོ་ལོས། མཉམ་ལས་ཁང་འཕེལ་རྒྱས་བྱུང་བ་ཧ་ཅང་བཟང་། དེ་ལོ་གཉིས་ལྷག་གི་ཡར་སྔོན་སྡེ་བའི་ནང་ལག་བསྟར་བྱས་པའི་དམངས་ཡོངས་ཀྱིས་མ་རྐང་འཇོག་པའི་དྲིན་ལས་བྱུང་བ་དང་། ཁྱིམ་ཚང་སོ་སོ་ཟབ་ཞུགས་ནས་མཉམ་དུ་ཤུགས་བཏོན་པ་ཡིན། ལོ་འགའི་རིང་ལ། སྡེ་བའི་ནང་གི་ནོར་གནག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་བྱུང་བ་ཧ་ཅང་བཟང་། ནོར་གནག་འདི་དག་དབྱར་ཁའི་རྩྭ་སར་རུ་སྤར་རྗེས་ང་ཚོས་ནོར་ཁྱུ་ལ་རིགས་དགར་བ་དང་རྩྭ་ས་དུམ་བུར་བགོས་ནས། ཚན་རིག་ལྟར་ཕྱུགས་འཚོ་བ་དང་ཁག་བགོས་ནས་དོ་དམ་བྱས་ཏེ། ཕྱུགས་ཟོག་གི་ཁ་གྲངས་དང་གསོ་ཁ་ནས་འབུད་ཚད་ལ་ཚོད་འཛིན་བྱས་པ་ཡིན་ཟེར།
2022ལོར་འབའ་དགོན་ཡུལ་ཚོའི་གཏེར་ཆུ་སྡེ་བའི་སྡེ་མི་ཚང་མས་མ་རྐང་བཞག་པའི་ཕྱུགས་ལས་གསོ་སྤེལ་མཉམ་ལས་ཁང་བཙུགས་པའི་ཚུན་ལ། སྡེ་བའི་ཏང་ཀྲི་པུའུ་ཡིས་སྔོན་ཆད་སྡེ་བ་ནང་ཁུལ་གྱི་ཕྱུགས་ལས་ཐོན་ལས་གྲུབ་ཚུལ་སྣ་གཅིག་ལས་མེད་པ་དང་། ཐོན་སྐྱེད་རྒྱུ་ཆར་ཚད་ཡོད་པ། མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཅུང་དམའ་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པའི་ལས་འགན་ལྗིད་པ་སོགས་དོན་དངོས་ལ་དམིགས་ཏེ། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་པ་དང་ཏང་ཡོན་གྱིས་ཁྱིམ་ཚང་ལ་འབྲེལ་གཏུག་བྱས་ནས་དཔེ་སྟོན་བྱེད་པ། མང་ཚོགས་དག་རྒྱ་ཆེར་ཟབ་ཞུགས་བྱེད་པ་བཅས་ཀྱི་ཐབས་ལ་བརྟེན་ནས། ཐོན་ཁུངས་མ་དངུལ་དུ་བསྒྱུར་བ་དང་། མ་དངུལ་མ་རྐང་དུ་བསྒྱུར་བ། འབྲོག་དམངས་མ་རྐང་འཛིན་མཁན་དུ་བསྒྱུར་བའི་རྩ་དོན་ལྟར། སྡེ་བའི་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། མ་རྐང་འཇོག་པའི་འབྲོག་དམངས་བཅས་ཀྱི་ཚོང་གཉེར་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། འབྲོག་དམངས་ཡོངས་ཀྱིས་མཉམ་ལས་ཁང་དུ་མ་རྐང་འཇོག་པའི་ཐུན་མིན་གྱི་བྱེད་ནུས་ལོ་རེ་བཞིན་མངོན་པར་བྱས།
བཀྲ་ཤིས་དཔལ་ལྡན་གྱིས་མཉམ་ལས་ཁང་གིས་ཐོག་དང་པོར་ཁེ་སྤོགས་བགོ་བཤའ་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། 2022ལོའི་ཟླ11པར། མཉམ་ལས་ཁང་གིས་ཕན་འབྲས་ཀྱི་ཁེ་སྤོགས་ཐོག་དང་པོར་བགོ་བཤའ་བྱས་པ་དང་། ལོ་དེར་འབྲོག་པ་མང་ཚོགས་ལ་ནོར་གནག52བགོས་ཡོད་ལ། རིན་ཐང་སྒོར་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་ཡིན། མཉམ་ལས་ཁང་གི་གཅིག་གྱུར་དོ་དམ་དང་ཕན་ནུས་མཐོ་བའི་གསོ་སྤེལ་དེ་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་སྟེགས་བུ་གསར་བ་ཞིག་ཏུ་གྱུར་ཡོད་ཡོད་ལ། ཏང་འཛུགས་ཀྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་ཐོན་ལས་དར་རྒྱས་བཏང་ནས་སྡེ་དམངས་ཕྱུག་པོར་བསྒྱུར་བའི་ལམ་བུ་གསར་བ་ཞིག་ཏུའང་གྱུར་ཡོད་ཟེར།
བཀྲ་ཤིས་དཔལ་ལྡན་གྱིས་མཉམ་ལས་ཁང་གི་འཕེལ་རྒྱས་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད་པའི་སྒོ་ནས་བཤད་རྒྱུར། མཉམ་ལས་ཁང་ལ་དམངས་ཡོངས་ཀྱི་མ་རྐང་མ་བཞག་གོང་། ང་ཚོ་སྔ་གཞུག་ཏུ་ཁྱིམ་ཚང་བརྒྱ་དང་བརྒྱད་ཅུ་ལྷག་ཏུ་སོང་ནས་བསམ་ཚུལ་བསྟན་པ་དང་། འབྲེལ་འདྲིས་དང་བརྗེ་རེས་བྱས་ལ། དམངས་ཀྱི་བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། སྡེ་དམངས་ཀྱི་སྣེ་ཁྲིད་དེ་དམངས་ཡོངས་ཀྱིས་མ་རྐང་འཇོག་པའི་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བར་བསྐྱོད།
ད་ལྟ་མཉམ་ལས་ཁང་གིས་རིམ་བཞིན་རྒྱུད་བཟང་གསོ་སྤེལ་རྟེན་གཞི་དང་། ནུས་མཐོའི་གསོ་སྤེལ་རྟེན་གཞི། སྤུ་མདོག་སྣ་ཚོགས་པའི་ནོར་གནག་གི་ཕྱིར་བསྡུའི་རྟེན་གཞི། སྐྱེ་ལྡན་གཟན་རྩྭའི་འདེབས་འཛུགས་རྟེན་གཞི་བཅས་གནས་བཞི་གཞི་གཅིག་ཅན་གྱི་དམངས་ཡོངས་ཀྱིས་མ་རྐང་འཇོག་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་ཡོད། ནོར་གནག་གི་ངུར་སྒྲར་ཉན་བཞིན་སེམས་ཁོང་ཡིད་ཆེས་ཀྱིས་གཏམས་ཡོད། སྡེ་བའི་ནང་གི་ཕྱུགས་ལས་དེ་སྔར་ལས་སྟོབས་ལྡན་དུ་འགྱུར་སྲིད་པ་དང་། མཉམ་ལས་ཁང་གི་ཕན་འབྲས་དེ་ཀྱང་སྔར་ལས་ཇེ་བཟང་དུ་འགྲོ་སྲིད་པར་ཡིད་ཆེས་ཡོད་ཟེར།
མིག་སྔར། སྡེ་བ་ཧྲིལ་བོར་ཁྱིམ་ཚ690ལྷག་ཡོད་པ་དང་། མི2200ལྷག་གིས་རྩྭ་ས་དང་ཕྱུགས་ཟོག མ་དངུལ་སོགས་ཀྱི་རྣམ་པར་བརྟེན་ནས་མཉམ་ལས་ཁང་ལ་མ་རྐང་བཞག་པ་དང་། ཁྱིམ་ཚང་སོ་སོའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་འདྲིལ་ཤུགས་ཆགས་པར་བྱས་ལ། ཕན་ནུས་ལྡན་པའི་སྒོ་ནས་སྡེ་བའི་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་གཞོགས་འདེགས་བྱེད་པ་ཡིན། དེའི་ཞོར་དུ། སྡེ་བའི་ཐུན་མོང་དང་མང་ཚོགས་ཀྱིས་ཁེ་སྤོགས་མཉམ་སྤྱོད། ཉེན་ཁ་མཉམ་ཁུར་བཅས་ཀྱི་དཔལ་འབྱོར་ཁེ་ཕན་གྱི་ཐུན་མོང་ཚོགས་པ་བཙུགས་ཏེ། ཁེ་སྤོགས་ཟུང་ལྡན་དང་འཕར་སྣོན་ཟུང་ལྡན་མངོན་འགྱུར་བྱུང་བ་དང་། ཕྱུགས་ལས་ཀྱི་འཕེལ་རྒྱས་དང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱུན་ཆེད་མེད་པར་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱས།
སྡེ་མི་ཐུབ་བསྟན་ཡེ་ཤེས་ཀྱིས་ན་ནིང་ཁེ་སྤོགས་བགོས་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་སེམས་ཀྱི་དགའ་ཚོར་མཉམ་སྤྱོད་ཀྱི་ཚུལ་དུ་བཤད་རྒྱུར། ན་ནིང་ལོ་མཇུག་ཏུ། མཉམ་ལས་ཁང་གིས་སྡེ་བ་ཧྲིལ་བོའི་སྡེ་མིར་ཁེ་སྤོགས་རིན་ཐང་སྒོར་འབུམ་ལྔ་ཡིན་པའི་ལུག480བགོ་བཤའ་བྱས་པ་དང་། ཤ་ཤེད་རྒྱས་པའི་ལུག་ཁྱུ་མཐོང་དུས། ཚང་མས་དགའ་སྤྲོའི་འཛུམ་མདངས་ངོམས་བཞིན་ཡོད། དམངས་ཡོངས་ཀྱིས་མ་རྐང་བཞག་པའི་ལོ་འདི་གཉིས་ཀྱི་རིང་ལ། སྡེ་བའི་ཏང་ཀྲི་པུའུ་ཡིས་ཧུར་ཐག་སྒོས་ཚང་མའི་སྣེ་ཁྲིད་དེ་ཐོན་ལས་འཕེལ་རྒྱས་ཐད་མཉམ་དུ་འབད་བརྩོན་བྱས་པས། ང་ཚོའི་ཡོང་འབབ་དང་འཚོ་བའི་སྤུས་ཚད་ཇེ་མཐོར་སོང་ཡོད་ལ་སེམས་གཏིང་ནས་དགའ་བ་ཞིག་རེད། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་མཐེ་བོང་བསྒྲེངས་འོས་ཟེར།
ཐོན་ལས་འཕེལ་རྒྱས་བསྟུད་མར་དམ་འཛིན་བྱེད་པའི་ཞོར་དུ། གཏེར་ཆུ་སྡེ་བའི་ཏང་ཀྲི་པུའུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཏང་ཡོན་གྱི་དཔེ་སྟོན་གདོང་ལེན་ལས་གནས་དང་ཏང་ཡོན་གྱི་འགན་ཁུར་ཁུལ། བུད་མེད་དང་བླངས་པའི་ལས་གནས་སོགས་ནུས་ལྡན་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། ཧུར་ཐག་སྒོས་ཏང་ཡོན་གྱིས་ཞིང་ཕྱུགས་ཟུང་འབྲེལ་དང་སྐྱེ་ཁམས་འཁོར་སྐྱོད། ཐོན་ལས་སྐུལ་ཁྲིད་སོགས་ཐད་དུ་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་སྐུལ་ཁྲིད་བྱས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དགེ་ལེགས་རྒྱ་མཚོས་བཤད་རྒྱུར། ཀྲི་པུའུ་དང་སྡེ་བའི་ཁོངས་མི་ཡིན་པའི་ཆ་ནས། ང་ཚོས་རང་ཉིད་ནས་མགོ་བརྩམས་ཤིང་། རང་ཁྱིམ་དང་ཉེ་འཁོར་གྱི་ཆ་རྒྱུས་ཡོད་པའི་ཁྱིམ་ཚང་གི་སྣེ་ཁྲིད་དེ་རྩྭ་ཕྱུགས་དོ་མཉམ་གྱི་རྩ་དོན་བརྩི་སྲུང་བྱེད་པ་དང་། རྩྭ་ས་ནི་ཁྱིམ་ཚང་སོ་སོའི་རྒྱུ་ནོར་རྩ་ཆེན་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གཅིག་གིས་བཅུ་དང་། བཅུ་ཡིས་བརྒྱར་དྲིལ་སྒྲོག་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། བསྟུད་མར་རྩྭ་ཕྱུགས་དོ་མཉམ་པའི་འབྲེལ་ཡོད་སྲིད་ཇུས་ཁྱིམ་ཚང་སོ་སོར་བསྒྲགས་པས། འབྲོག་པའི་རྩྭ་སར་ཕྱུགས་བཀག་བྱས་པ་ལས་ཐོན་པའི་ཁེ་སྤོགས་ལ་འགན་སྲུང་བྱས་པ་ཡིན། དེ་ལྟར་བྱས་ན། རྒྱ་ཆེའི་མང་ཚོགས་ཀྱིས་རྩྭ་ཕྱུགས་དོ་མཉམ་ལ་སྲུང་སྐྱོབ་བྱེད་པའི་རང་རྟོགས་རང་བཞིན་ལོ་རེ་བཞིན་མཐོར་འདེགས་བྱུང་བ་དང་། ཚན་རིག་ལྟར་ཕྱུགས་འཚོ་བ་དེ་ལས་རིམ་བཞིན་ཕན་འབྲས་མངོན་གསལ་བོ་བྱུང་སྟེ། མང་ཚོགས་ཀྱི་འཚོ་བའང་སྔར་ལས་འབྱོར་ཕྱུག་ལྡན་པར་འགྱུར་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།