ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་ཐོག་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་ལས་འགན་སྔར་བཞིན་ཞིང་སྡེར་གནས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་གྲོང་གསེབ་དར་སྤེལ་བྱེད་པའི་ཐད་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་པར་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད། དེ་ནི“ས་གནས་གང་ཞིག་ཏུ་སླེབས་ཐེངས་རེར་ང་གྲོང་གསེབ་ལ་ལྟ་བར་འགྲོ་བཞིན་ཡོད། གྲོང་གསེབ་ནི་ང་ཚོའི་མི་དམངས་ཀྱི་ཆེས་གཞི་རྩའི་འཚོ་བའི་གནས་ཚུལ་མཚོན་ས་ཞིག་ཡིན་པ”དང་། “ང་ཚོ་མི་རབས་འདིར་བརྩེ་སེམས་ཤིག་ཡོད་པ་དེ་ནི་མང་ཚོགས་དང་ལྷག་པར་དུ་ཞིང་པར་རོགས་སྐྱོར་བྱེད་རྒྱུ་དེ་རེད”། “གལ་ཏེ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཞིང་སྡེའི་མི་གྲངས་དུང་ཕྱུར4ལྷག་རྗེས་སུ་ལུས་ཚེ། ‘ཕྱོགས་གཅིག་ནི་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་ཕྱོགས་གཞན་ཞིག་ནི་ཉམས་རྒུད་ཀྱི་གྲོང་གསེབ’ཞིག་ཆགས་རྒྱུ་ཡིན་པས། དེ་ནི་ང་ཚོའི་ཏང་གི་སྲིད་སྐྱོང་དམིགས་ཡུལ་དང་མི་མཐུན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཡང་མི་མཐུན་པ་རེད”ཅེས་པ་སོགས་ལས་མཚོན་གྱིན་ཡོད།
2023ལོའི་ཟླ12ཚེས14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞིས་ལའེ་པིན་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཧོང་ཨན་སྤུས་ལེགས“གཉིས་མཐོའི”བུར་ཤིང་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་ནས་བུར་ཤིང་འདེབས་མཁན་ཞིང་པ་དང་། ཞིང་ལས་ལག་རྩལ་མི་སྣ་བཅས་དང་བྱམས་བརྩེའི་ངང་བརྗེ་རེས་གནང་སྟེ། ཡུལ་མི་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྔར་ལས་བརྟན་པའི་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་རྒྱ་ཆེའི་ཞིང་པར་གྲོང་གསེབ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས”ཞེས་གསུངས་ཡོད།
ས་སེར་མཐོ་སྒང་གི་ལམ་བུ་འགྲིམས་མྱོང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་གཞན་དང་མི་འདྲ་བའི་བསམ་གཞིགས་ཟབ་མོ་གནང་མྱོང་ཡོད། “རྒྱ་ཆེའི་ཞིང་པར་གྲོང་གསེབ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས”ཞེས་པ་ལས“ཞིང་གསུམ”ལས་དོན་གྱི་གཞི་རྩའི་དམིགས་འབེན་དང་མི་དམངས་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་བྱེད་པ་མཚོན་གྱིན་ཡོད།
ཞིང་པ་ཕྱུག་པོར་འགྱུར་བའི་ཐབས་ལམ་འཚོལ་བ་དང་ཁྱད་ལྡན་ཐོན་ལས་ཀྱི་བསམ་ཕྱོགས་འཚོལ་ཆེད། དྲོད་ཁང་དང་། ཞིང་ཁ། འབྲས་ཤིང་། ཞིང་ཁྱིམ་བཅས་སུ་ཕེབས་ནས་རྩིས་ཐོར་གཟིགས་པ་དང་། གླེང་མོལ་མཛད་པ། བཀའ་འདྲི་ཞིབ་ཕྲ་གནང་ཡོད། སྔ་ཕྱི་བར་གསུམ་གྱི་ཐུགས་ཁུར་ཁྲོད་དམིགས་འབེན་གཏན་འཁེལ་བྱེད་པའི་གཟིགས་རྒྱང་རིང་པོ་ཡོད་ལ་དངོས་སྒྲུབ་གནད་སྨིན་གྱི་བྱེད་ཐབས་ཏན་ཏིག་ཀྱང་ཡོད།
ཧོ་ནན་ཀོང་ཧྲན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་པ་སྒྲིག་འཛུགས་བྱས་ནས་ཁྲོམ་རར་ཕྱོགས་ཏེ‘ཀུང་སི་དང་ཞིང་ཁྱིམ’གྱི་བྱེད་ཐབས་ཁྱབ་གདལ་གཏོང་བ་དང་ཁེ་ཕན་མཉམ་འགུལ་ལམ་སྲོལ་བཙུགས་ནས། ཕྱོགས་སོ་སོར་མཉམ་དུ་ཕན་པ་ཐོབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
ཧྲན་ཞིས་ཏ་ཐུང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཀྱི་ལས་བྱེད་པར“ངེས་པར་དུ་ལུག་མིག་མེ་ཏོག་གི་ཐོན་ལས་སྲུང་སྐྱོབ་དང་འཕེལ་རྒྱས་ཡག་པོ་བཏང་སྟེ། ཡུལ་མི་ཚོའི་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིག་ཏུ་འགྱུར་པ་དང་མང་ཚོགས་ཀྱི‘ཕྱུག་འགྱུར་མེ་ཏོག’ཏུ་འགྱུར་བར་བྱེད་དགོས”ཞེས་བཀའ་མངགས་གནང་ཡོད།
ཧྲན་ཏུང་ཙའོ་ཀྲོང་དུ་ས་གནས་ཀྱི་སེ་འབྲུ་ལས་སྣོན་ཞིབ་ཚགས་དང་གཞོང་འདེབས་སེ་འབྲུ་གསོ་སྐྱོང་འཕེལ་རྒྱས་ཤུགས་ཆེན་བཏང་བ་ལས་ཞིང་པར་ཡོང་འབབ་འཕར་བར་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མཁྱེན་རྟོགས་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤུས་རྟགས་ཡག་པོ་བཟོ་བ་དང་། སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཐོན་ལས་སྦྲེལ་ཐག་སྣུར་བསྲིང་བྱེད་པ། ཐོན་ལས་ཁྲོམ་རའི་འགྲན་ནུས་དང་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས། ཡུལ་མི་སྔར་ལས་མང་པོ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་དགོས”ཞེས་གསུངས་ཡོད།
གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར“ཞིང་པར་ལས་ཀ་ཡོད་པ་དང་ཁེ་བཟང་ཐོབ་པར་བྱེད་དགོས”པ་དང་། “ཞིང་པ་བརྗེད་མི་རུང་བར་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས”པ། “ངེས་པར་དུ་ཞིང་པའི་བྱེད་པོའི་གནས་བབ་མངོན་གསལ་དུ་བཏང་ནས། ཞིང་པའི་ཁེ་ཕན་ལ་འགན་སྲུང་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་ཞེས་གསུངས་ཡོད།
ཞིང་པ་ཕྱུག་པོར་འགྱུར་བ་དང་། ཞིང་པའི་ཆུ་ཚད་མཐོར་གཏོང་། ཞིང་པར་རོགས་སྐྱོར་བཅས་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་རེ་རེ་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། དངོས་སྒྲུབ་ཀྱི་བྱ་སྤྱོད་རེ་རེ་མགྱོགས་མྱུར་ངང་ལག་བསྟར་དང་། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་གནད་སྨིན་ལག་བསྟར་བྱས་ཡོད།
དུས་རབས་གསར་པའི་ཚུན་ལ། ཁྱད་ལྡན་ལེགས་ཆའི་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདུས180བསྐྲུན་ཟིན་པ་དང་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་དྲུག་ལས་བརྒལ་ཏེ། ཞིང་བ་ཁྱིམ་ཚང་བྱེ་བ་གཉིས་ལྷག་ལ་སྐུལ་ཁྲིད་བྱས་ཡོད། ཞིང་འབྲེལ་ཞིང་ཁྲིད་དང་ཞིང་དར་ཞིང་ཕྱུག་གིས“ཡུལ་ཟོག་ཐོན་རྫས”རེ་རེ་བཞིན་ཁྲོམ་ར་ཆེན་པོར་བཏོན་པ་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ནས་ཡུལ་མི་ཚོར་ཡོང་འབབ་འཕར་བར་བྱས་ཡོད།
ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས། རྒྱ་ཆེའི་ནགས་ལས་ཞིང་པས“གསེར་རི་དངུལ་རི”བསྲུངས་ནས་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་ཚུལ་ལ་དམིགས་ནས། བློ་མཐུན་ཞི་ཅིན་ཕིང་གིས་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ནགས་ལས་ཞིང་པ་ཚོར་བཅོས་སྒྱུར་འཕེལ་རྒྱས་ལས་བྱུང་བའི་ཕན་པ་དངོས་དང་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།
ད་ལོའི་ཟླ3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་སྐབས“གྲོང་གསེབ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་གིས་འཕེལ་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
དཀའ་གནད་དང་གནད་དོན་གལ་ཆེན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་ བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་ཀྱི་འདུན་པ་མཚོན་པར་བྱས།
ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་ཐད“འགག་རྩ་ནི་ཏན་ཏན་ཏིག་ཏིག་གིས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་རྒྱུ་དེ་ཡིན”པ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བཅོས་སྒྱུར་ཐད“ས་ཞིང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་དང་། གཅིག་སྡུད། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱེད་ཚད་ཁོང་དུ་ཆུད་པར་བྱེད་དགོས་པ་ལས། སྲིད་འཛིན་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་པར་བཙན་ཤེད་ཀྱིས་ས་ཞིང་བརྒྱུད་ཤུག་གཏོང་དུ་འཇུག་མི་རུང་བ”དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད“ངེས་པར་དུ་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་དང་ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས་པ”། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད“ཞིང་བ་ཁྱིམ་ཚང་ཆུང་གྲས་ལ་ཞབས་ཞུ་ཡག་པོ་དང་སྐུལ་ཁྲིད་ཡག་པོ་བྱེད་དགོས་པ”སོགས་རེད།
རྒྱལ་ཡོངས་ལ་བལྟས་ཚེ། ཐུན་མོང་ནགས་ཚལ་གྱི་ནགས་ཚལ་གསོག་འཇོག་བྱེད་ཚད་དེ་ནགས་ཚལ་བཅོས་སྒྱུར་མ་བྱས་གོང་ལས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར39ཙམ་འཕར་ནས་ཁྱིམ་ཚང་ནགས་ར་དང་། ཆེད་ལས་ཁྱིམ་ཆེན། ནགས་ལས་མཉམ་ལས་ཁང་སོགས་ནགས་ལས་གཉེར་སྐྱོང་བྱེད་པོ་གསར་པ་འབུམ་གསུམ་ལྷག་གསོ་སྐྱོང་བྱས་པ་དང་། ཁྱིམ་ཚང་ཞིང་ར་ས་ཡ་བཞི་ལྷག་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་ས་ཡ་གཉིས་འབུམ་གཉིས་ལྷག་གིས་ཞིང་པར་སྣེ་ཁྲིད་དང་། ཁྲོམ་རར་སྦྲེལ་མཐུད། འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་པ་སོགས་གྲོང་གསེབ་བཅོས་སྒྱུར་གྱི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་བཏང་བས། གྲོང་གསེབ་ཀྱི་ས་གཞི་ཆེན་པོར་གསོན་ཤུགས་རབ་ཏུ་འཕེལ་བཞིན་ཡོད།
དོན་དག་རེ་རེ་བཞིན་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ཏེ། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ལས་ཁ་ཕྱོགས་གསལ་སྟོན་དང་ཡིད་ཆེས་ཇེ་བརྟན་དུ་ཕྱིན་ཡོད། མཐའ་ཡས་པའི་གྲོང་གསེབ་ཏུ་ཞིང་པ་དུང་ཕྱུར་མང་པོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་ཕྱིན་པ་དང་། སྔར་ལས་འགན་ལེན་དང་སྔར་ལས་རྒྱུན་མཐུད་ཐུབ་པ་བྱུང་ཡོད།
རྩོམ་སྒྲིག་པ་སྒྲོལ་མ་སྐྱིད།