ལག་བསླས་འཐག་རྩལ་གྱིས་བཏོད་པའི་ཕྱུག་བསྒྱུར་བགྲོད་ལམ།
2024.08.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

ལག་བསླས་འཐག་རྩལ་གྱིས་བཏོད་པའི་ཕྱུག་བསྒྱུར་བགྲོད་ལམ།

—ཧི་ནན་རྫོང་ལག་ལས་མ་སོག་བོད་ལག་བཟོས་ཐོན་རྫས་བཟོ་སྤེལ་ཚད་ཡོད་ཀུང་སིའི་གནས་ཚུལ་རགས་བཀོད།

དབྱར་ཟླ་བདུན་པའི་ཧི་ནན་རྩྭ་ཐང་ནི་བཅུ་དྲུག་གི་ལང་ཚོ་རབ་ཏུ་རྫོགས་པའི་སྨན་ཆུང་བུ་མོ་ཞིག་དང་འདྲ་བར་རང་སྟེང་གི་མཛེས་པ་མ་ལུས་ཡོངས་སུ་ངོམ་སྟེ། ཕྱོགས་བཞིའི་མགྲོན་པོའི་མིག་དབང་འགུག་ཅི་ཐུབ་བྱེད་ཀྱིན་ཡོད་པས། ང་ཚོ་གསར་འགོད་པས་ཧི་ནན་རྩྭ་ཐང་གི་མཛེས་པ་ལོངས་སུ་སྤྱད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཡིན་ལ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་ཆེས་བཟང་བའི་རྩྭ་ཐང་དང་སོག་བོད་རིག་གནས་ཀྱི་མཉམ་འདྲེས་ས་ཁུལ་ཡང་ཡིན་པས། མར་ཆུར་དང་བལ་རྩིད་སོགས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕུན་སུམ་ཚོགས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་བེད་སྤྱོད་གང་ལེགས་བྱེད་པ་དང་སོག་བོད་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་རིག་གནས་ཉམས་དམས་སུ་མི་འགྲོ་བ། རང་ས་གནས་ཀྱི་བུད་མེད་དང་ངལ་རྩོལ་པ་ལྷག་མ་རྣམས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ་བཅས་ཀྱི་ཆེད་དུ། ལག་ལས་མ་སོག་བོད་ལག་བཟོས་ཐོན་རྫས་བཟོ་སྤེལ་ཚད་ཡོད་ཀུང་སིས་འཁེལ་འཐག་དང་གཙགས་དྲུབ་སོགས་ཀྱི་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་ཁྱིམ་ཚང་དང་གཞུང་ལས་ཁང་ལ་མཁོ་བའི་དངོས་ཟོག་དང་། གྱོན་ཆས་དང་རྒྱན་ཆ། ལེགས་སྐྱེས་ཆུང་ཆུང་སོགས་ཀྱི་ཐོན་རྫས་རིགས500ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ཐོན་རྫས་ཚང་མ་མདོག་མ་བསྒྱུར་བའི་སྤུས་ལེགས་ཀྱི་བལ་དང་རྩིད་པ་ཡིས་གྲུབ་པའི་རང་བྱུང་གི་ལྷད་མེད་ཐོན་རྫས་རྐྱང་རྐྱང་ཡིན་པས། རྒྱལ་ནང་གི་ས་ཆ་སོ་སོ་དང་ནང་སྒོས་སུ་ཁ་ན་ཏ་དང་སུའེ་ཙེར། དབྱི་ཐ་ལི་སོགས་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་པའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

“ཀུང་སི2011ལོར་བཙུགས་ཤིང་། ད་ལྟ་ལས་བཟོ་པ35ཡོད་པ་ལས་དོ་དམ་པ་དང་ལག་རྩལ་པ་ཕུད་པའི་ཐོན་སྐྱེད་ལས་བཟོ་པ་ཚང་མ་ས་གནས་ཀྱི་འབྲོག་པ་ཡིན་ལ། དེའི་ཁྲོད་དུ་དབང་པོ་སྐྱོན་ཅན2ཡོད་པ་དང་། ལས་བཟོ་པ་མང་ཆེ་ཤོས་དབུལ་ཕོངས་ཁྱིམ་ཚང་གི་མི་ཡིན་པས། ས་གནས་མང་ཚོགས་དབུལ་པོ་ལས་ཐར་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད”ཅེས་ཀུང་སིའི་ཕྱིར་འཚོང་སྤྱི་གཉེར་པ་ཚངས་དབྱངས་རྒྱ་མཚོས་གཟི་བརྗིད་དང་བཅས་ཏེ་བཤད།

སྲོལ་རྒྱུན་དར་སྤེལ་གཏོང་བ་དང་མཉམ་དུ་ཀུང་སིས་ད་རུང་དུས་རབས་ཀྱི་རྗེས་སྙེག་ཅི་ཐུབ་བྱས་ཏེ། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོ་ཇུས་འགོད་བྱས་ཤིང་། མི་དམངས་ཀྱི་དགའ་ཕྱོགས་དང་བསྟུན་ཅི་ཐུབ་བྱས་པར་མ་ཟད། བརྙན་ཐུང་སྟེགས་བུ་དང་གློག་རྡུལ་ཚོང་དོན་གྱི་སྟེགས་བུ་སོགས་སྤྱད་དེ་ཕྱིར་འཚོང་གི་བགྲོད་ལམ་ཇེ་ཡངས་སུ་བཏང་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

འབྲོག་ཁུལ་དུ་མོད་པའི་བལ་དང་རྩིད་པས་གྲུབ་པའི་ལག་བཟོས་ཐོན་རྫས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པ་ཤེས་པས། ཀུང་སིས་བལ་དང་རྩིད་པ་འདོན་སྤྲོད་བྱེད་ཐུབ་པའི་འབྲོག་ཁྱིམ་མང་པོ་རྩ་འཛུགས་བྱས་ཤིང་། ཧི་ནན་རྫོང་ལག་ལས་མ་སྐྱེ་ལྡན་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ།“ཀུང་སི་དང་། མཉམ་ལས་ཁང་། འབྲོག་ཁྱིམ”མཉམ་ལས་ཀྱི་རྣམ་པས་ཀུང་སི་ཡི་ཐོན་སྐྱེད་ནུས་པ་དང་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་ནས། མཉམ་ལས་ཁང་གི་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བར་མ་ཟད། རང་ས་གནས་ཀྱི་ཕྱུགས་ལས་གྲུབ་ཚུལ་སྙོམས་སྒྲིག་བྱས།

ལོ་འདི་དག་གི་རིང་ལ། ཀུང་སིས་སྔ་རྗེས་སུ་ལས་བཟོ་པ11ལྷགEDSརྒྱལ་སྤྱིའི་བཟོ་ཚོང་སློབ་གླིང་གིས་རྩ་འཛུགས་བྱས་པའི་ཁེ་ལས་དོ་དམ་གསོ་སྦྱོང་དང་ལན་ཀྲིག་ཆན་ཡོན་བློ་འདྲི་ཀུང་སིའི་ཁེ་ལས་རིག་གནས་འཛུགས་སྐྲུན་གསོ་སྦྱོང་། མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་བསྒྲུབས་པའི་སྲོལ་རྒྱུན་ལག་རྩལ་ཇུས་འགོད་གསོ་སྦྱོང་། མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་བསྒྲུབས་པའི“ཕུལ་བྱུང་ལས་བཟོ་པ”ཡི་རེ་ཞུ་བརྒྱུད་རིམ་ལྟ་སྦྱོང་། ཨོ་མོན་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་འགྲེམ་སྟོན་ཚོགས་འདུ་སྐབས18པ་ལ་སོགས་ཀྱི་གསོ་སྦྱོང་མང་པོར་ཞུགས་ཏེ། སྔོན་ཐོན་གྱི་དོ་དམ་ཤེས་བྱ་དང་སྲོལ་རྒྱུན་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་པར་མ་ཟད། མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ལ་མི15ནས50ཅན་གྱི་ལག་རྩལ་གསོ་སྦྱོང་ཐེངས་གསུམ་ལ་སྤེལ། ཉམས་ལ་ཉེ་བའི་ལག་བསླས་འཐག་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཆེད། ལག་ལས་མ་ཀུང་སིས་རང་སྟེང་གི་འཕེལ་རྒྱས་ལ་བརྩོན་པ་དང་མཉམ་དུ་སྲོལ་རྒྱུན་ལག་རྩལ་ལས་བྱུང་བའི་ཐོན་རྫས་འཚོལ་ཞིབ་དང་ཁྱབ་གདལ་གཏོང་བའི་འགན་འཁྲི་རང་འགུལ་གྱིས་ཕྲག་ཏུ་བླངས་ནས། ཀྲུང་གོ་མཚོ་སྔོན་ལྗང་མདོག་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད་ཇུས་འགོད་འགྲན་ཚོགས། རེབ་གོང་རིག་གནས་སྒྱུ་རྩལ་གསར་སྐྲུན་འགྲན་ཚོགས་སོགས་ཀྱི་བྱ་འགུལ་མང་པོར་ཞུགས་པས། བལ་འཐག་ལས་རིགས་དང་ཐོན་རྫས་ལ་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་ཐུགས་ཁུར་དང་ཁས་ལེན་ཆེན་པོ་ཐོབ་ཡོད་པར་མ་ཟད། ཧི་ནན་རྫོང་གི“བུད་མེད་ཀྱི་གཞིས་ཁྱིམ”དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས“དཔེ་སྟོན་ཁྱིམ་ཚང་།” མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི“སྔོན་ཐོན་སྡེ་ཁག”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཀུང་སིའི་འགན་འཁྲི་བ་དང་ལག་རྩལ་པར་སྔ་རྗེས་སུ“བུད་མེད་བྱས་རྗེས་ཅན་གྱི་སྔོན་ཐོན་མི་སྒེར”དང་ཧི་ནན་རྫོང“མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་འགུལ་སྤེལ་བའི་སྔོན་ཐོན་མི་སྒེར།”“ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་སྲོལ་རྒྱུན་ལག་རྩལ་ཐད་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ།” ཁུལ་རིམ་པའི“དམངས་ཁྲོད་བཟོ་རྩལ་མཁན་པོ”སོགས་ཀྱི་མཚན་སྙན་ཐོབ་མྱོང་ཞིང་། ཀུང་སིའི“རྨ་ལྷོ་སོག་རྫོང་གི་བལ་དང་རྩིད་པའི་ལག་བསླས་འཐག་རྩལ”དེ་རྨ་ལྷོ་ཁུལ་གྱི“ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚང་རང་བཞིན་གྱི་ལས་གཞིའི་མིང་ཐོ”རུ་ཚུད་པ་དང་། ཐོན་རྫས“སོག་རྫོང་ལག་བསླས་ཚ་གདན”ཞེས་པར“མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད་ཇུས་འགོད་འགྲན་སྡུར”གྱི་ཚད་སླེབས་བྱ་དགའ་དང་། འགྲན་ཞུགས་ཐོན་རྫས་ལ་མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད་ཇུས་འགོད་འགྲན་སྡུར་གྱི“རེབ་གོང་རིག་གནས་སྒྱུ་རྩལ་གསར་གཏོད་ཐོན་རྫས”དང་རབ་མཛེས་མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་རྫས་འཛད་སྤྱོད་དུས་ཚིགས་དང་རིག་གནས་ཡུལ་སྐོར་ཚོང་རྫས་གསར་གཏོད་འགྲན་སྡུར་སྐབས་གཉིས་པའི“གསར་གཏོད་ཇུས་འགོད་རིགས”ཀྱི་ཟངས་ཀྱི་རྟགས་མ་ཐོབ་ཡོད།

ཚེ་རིང་སྒྲོལ་མས་རྩོམ་སྒྲིག་བྱས།