ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་དུ་སོང་བ་ན། སྨན་བཅོས་མི་སྣ་དང་ནད་པ། ཁྱིམ་མི་བཅས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་ཐོག་ཁང་གི་བར་དུ་འགྲོ་འོང་བྱེད་བཞིན་འདུག སྨན་དྲི་གང་སར་འཐུལ་ལ། ནད་པས་བདེ་ཐང་ལ་རེ་ལྟོས་དང་སྨན་ཁང་ལ་ཡིད་ཆེས་བསྣམས་ནས་སྨན་བཅོས་བྱེད་དུ་ཡོང་བ་རེད།
ཡོན་ཀྲང་གི་ལག་རོགས་བསོད་ནམས་སྒྲོལ་མའི་རྗེས་བསྙེགས་ཏེ་ཕྱི་ནད་ཚན་ཁག་གི་ནད་ཁང་དུ་སོང་བ་ན། སྨན་པས་སྨན་བཅོས་བྱེད་དུ་ཡོང་བའི་ནད་པར་སེམས་ཞིབ་མོས་ནད་ལ་བརྟག་བཞིན་འདུག “ཉིན་འདི་ཚོར། ངའི་སྐེད་པ་དང་རྐང་པ་ཧ་ཅང་ན་བས། དགོང་མོར་གཉིད་མི་ཐུབ་པ་དང་། ན་ཟུག་འདི་བྱུང་ནས་ཟླ་འགའ་འགོར་སོང་། ད་ལྟ་ན་ཟུག་ཇེ་ཆེ་ནས་ཇེ་ཆེ་རེད།”ཅེས་རྨོ་མོ་ཀྲོའུ་སུའུ་མེ་ཡིས་སྨིན་མ་བརྫུས་ཤིང་གདོང་ལ་སེམས་ཁྲལ་གྱིས་ཁེངས་ཏེ་ཕྱི་ནད་ཚན་ཁག་གི་སྨན་པ་གཡུང་དྲུང་བྱམས་ལ་ནད་རྟགས་བཤད། གཡུང་དྲུང་བྱམས་ཡར་ལངས་ནས་ནད་པའི་གམ་དུ་སོང་སྟེ། ནད་པའི་སྐེད་པ་དང་རྐང་པའི་ཟུག་གཟེར་ཆེ་སར་ཞིབ་མོར་རེག་པ་དང་། དེ་ནས་ལྕེ་ལ་བརྟག “ཁྱོད་ཀྱི་ལྕེ་དྲེག་མཐུག་ཅིང་ཁ་དོག་རྒྱུན་ལྡན་མིན་པར་བལྟས་ན། རྩ་ལམ་འགག་པ་དང་རླུང་ཁྲག་ཉམས་པའི་རྟགས་ཡིན་པ་འདྲ། སེམས་ཁུར་བྱེད་མི་དགོས། ང་ཚོས་སྔོན་ལ་ཕྱི་བཅོས་བྱས་ནས་བལྟས་ཆོག”
གཡུང་དྲུང་བྱམས་ཀྱིས་ཀྲོའུ་སུའུ་མེར་སྔོན་ལ་མེ་བཙའ་དང་མེ་བུམ་ལ་བརྟེན་ནས་རྩ་ལམ་གཤོང་བ་དང་། དེ་དང་མཉམ་དུ་བོད་སྨན་སྨན་སྦྱོར་གྱིས་གསོ་བཅོས་བྱེད་དགོས་པའི་བསམ་ཚུལ་བཏོན། “མེ་བཙའི་ཚ་དྲོད་ཀྱིས་རླུང་ཁྲག་སྙོམ་སྒྲིག་བྱེད་ཐུབ་ལ། མེ་བུམ་གྱིས་ཁྲག་རྒྱུ་བར་བྱས་ཏེ་རྩ་ལམ་གསོ་བཅོས་བྱེད་པར་ཕན་པ་དང་། བོད་སྨན་སྨན་སྦྱོར་ནུས་པས་ཁྲག་རྒྱུ་ཐུབ་པར་མ་ཟད། ད་དུང་སྐྲངས་ཞི་ནས་ན་ཟུག་འཇོག་ཐུབ།”ཅེས་གཡུང་དྲུང་བྱམས་ཀྱིས་ངག་འཇམ་པོས་རྒན་མོར་འགྲེལ་བཤད་བྱས།
བསོད་ནམས་སྒྲོལ་མས་བཤད་རྒྱུར། “ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ་དེ་ཉིན་རྒྱུན་གྱི་བྱ་བའི་ཁྲོད་བཞག་ཅིང་། རྣམ་འགྱུར་དང་ཞབས་ཞུ་ལེགས་པོས་ནད་པ་སྣེ་ལེན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་གནས་འདི་རུ་འདྲ་མཉམ་གྱི་གཅེས་སྐྱོང་དང་སྨན་བཅོས་ལེགས་པོ་མྱོང་དུ་འཇུག་པར་བརྩོན་གྱིན་ཡོད”ཟེར།
ཉིན་འགའི་སྔོན་དུ། ཐུན་རིན་གྲོང་ཁྱེར་ཉེ་འཁོར་གྱི་ཞིང་སྡེ་ནས་ཐོན་པའི་བོད་རིགས་རྒད་པོ་ཉི་མ་དོན་འགྲུབ་ཀྱི་ཕོ་རྒྱུ་ན་སྟེ་དུས་ཡུན་རིང་བོ་འགོར་བས། ལུས་པོ་སྐམ་ཞིང་རིད་པར་གྱུར་ལ། ཁོའི་ཁྱིམ་མིའི་འགྲོ་རོགས་འོག་ཐུན་རིན་གྲོང་ཁྱེར་བོད་སྨན་ཁང་དུ་སྨན་བཅོས་བྱེད་དུ་ཡོང་།
སྨན་ཁང་གིས་རྒད་པོས་རྒྱ་སྐད་མི་གོ་བའི་གནས་ཚུལ་ཤེས་རྗེས། ཆེད་དུ་བོད་རྒྱ་སྐད་གཉིས་ལ་བྱང་བའི་སྨན་བཅོས་མི་སྣ་བཀོད་སྒྲིག་བྱས་ཤིང་ཁོར་འབྲེལ་འདྲིས་བྱེད་དུ་བཅུག་ནས། རྒད་པོར་སྨན་བཅོས་བྱེད་ཐབས་དང་འཛེམ་བྱ་ཤེས་སུ་བཅུག
སྨན་པ་ཚོས་ཉི་མ་དོན་འགྲུབ་ཀྱི་ཕོ་རྒྱུའི་ནད་ལ་དམིགས་ནས་བོད་སྨན་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཐུན་མོང་མ་ཡིན་པའི་སྨན་བཅོས་འཆར་གཞི་བཟོས་པ་དང་། དེའི་ནང་དུ་བོད་སྨན་བཏུང་རྒྱུ་དང་ཕྱི་བཅོས་སོགས་ཀྱི་བཅོས་ཐབས་འདུས། སྨན་བཅོས་བྱེད་སྐབས། སྨན་བཅོས་མི་སྣས་མཉམ་ལས་དམ་པོ་བྱས་པ་དང་། བོད་རིགས་སྨན་པ་རིན་ཆེན་རྡོ་རྗེ་ཡིས་རྒད་པོར་བོད་སྨན་སྨན་སྦྱོར་བྱས་ལ། རྒྱ་རིགས་ནད་གཡོག་མ་ལིའུ་ཁྲུན་ཞ་ཡིས་ངང་རྒྱུད་འཇམ་པོས་རྒད་པོར་འབྲེལ་ཡོད་སྨན་བཅོས་བྱས་པར་མ་ཟད། རྒད་པོའི་ལུས་པོ་བདེ་མིན་ལ་སེམས་ཞིབ་མོས་ལྟ་ཞིབ་བྱས།
སྨན་ཁང་དུ་ཞག་སྡོད་བྱེད་སྐབས། ཉི་མ་དོན་འགྲུབ་ཀྱིས་སྨན་ཁང་གི་དྲོད་ཁོལ་ཚོར། སྨན་བཅོས་མི་སྣས་ཕན་ཚུན་ལ་བརྩི་བཀུར་དང་མཐུན་སྒྲིལ་བྱས་པ་དང་། ནད་པར་འཚམས་འདྲི་དང་ཐུགས་ཁུར་ཚད་མེད་བྱས་པར་མ་ཟད། ནད་པས་ཀྱང་ཕན་ཚུན་ལ་རོགས་རེས་བྱས་ཏེ་ཁྱིམ་ཚང་གཅིག་ལྟར་མཉམ་གནས་བྱས།
དུས་ཡུན་ངེས་ཅན་ཞིག་ལ་སྨན་བཅོས་དང་བདག་སྐྱོང་བྱས་པ་བརྒྱུད། ཉི་མ་དོན་འགྲུབ་ཀྱི་ནད་ཇེ་བཟང་དུ་སོང་ནས་ཡི་ག་ཇེ་ཆེར་གྱུར་ལ། ལུས་པོའི་ལྗིད་ཚད་ཀྱང་ཇེ་ལྕིར་འགྲོ་མགོ་བརྩམས། སྨན་ཁང་ནས་ཕྱིར་འབུད་སྐབས། རྒད་པོས་སྨན་བཅོས་མི་སྣར“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བོད་ཀྱི་སྨན་པས་ནད་གཞི་རྩ་བ་འཇོམས།”ཞེས་བྲིས་པའི་དར་བྱང་ཞིག་བྱིན། “འདི་ནས་ངའི་ནད་བཅོས་པར་མ་ཟད། གཞན་ད་དུང་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་དང་མཛའ་བརྩེ་ཡང་ཤེས་སོང་། དངོས་གནས་དྲོད་ཁོལ་ལྡན་པ་ཞིག་རེད།”ཅེས་ཉི་མ་དོན་འགྲུབ་ཀྱིས་བཤད་བྱུང་།
འདི་ལྟ་བུའི་དཔེ་ནི་ཐུན་རིན་གྲོང་ཁྱེར་བོད་སྨན་ཁང་དུ་ཧ་ཅང་མང་། སྨན་བཅོས་མི་སྣས་མཉམ་གཅིག་ཏུ་འབད་བརྩོན་བྱས་པར་བརྟེན། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་སྨན་ཁང་དུ་ལྷམ་མེར་བཞད་འདུག
དེ་ལས་གཞན་ད་དུང་། བོད་སྨན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་ཤིན་ཏུ་དོ་སྣང་དང་ཤུགས་སྣོན་གྱིན་ཡོད། དུས་བཅད་ལྟར་སྨན་བཅོས་མི་སྣ་རྩ་འཛུགས་བྱས་ཏེ་ཐུན་རིན་གྲོང་ཁྱེར་གྱི་སྡེ་ཁུལ་དང་ཞིང་སྡེར་སོང་ནས་འོས་འགན་ནད་བརྟག་སྨན་བཅོས་ཀྱི་བྱ་འགུལ་སྤེལ་ཞིང་། ས་གནས་མང་ཚོགས་ལ་སྨན་པ་དང་སྨན་རྫས་བསྐྱལ་བར་མ་ཟད། བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་བཏང་། རིག་གནས་བརྗེ་རེས་བྱ་འགུལ་ཧུར་ཐག་གིས་སྤེལ་བ་དང་། བོད་ཀྱི་གསོ་རིག་རིག་གནས་འཆད་ཁྲིད་དང་འགྲེམ་སྟོན་སོགས་ཀྱི་རྣམ་པ་བརྒྱུད། རིགས་སོ་སོའི་མང་ཚོགས་ལ་བོད་ཀྱི་གསོ་རིག་གི་རྒྱུན་རིང་བོའི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རིན་ཐང་མངོན།
བསོད་ནམས་སྒྲོལ་མས་བཤད་རྒྱུར། “བྱ་བའི་ཁྲོད། བོད་ཀྱི་གསོ་རིག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། བོད་ཀྱི་གསོ་རིག་འགྲེམ་སྟོན་ཁང་བཙུགས་ནས་དེའི་ལོ་རྒྱུས་དང་གྲུབ་འབྲས་འགྲེམ་སྟོན་བྱས་དང་བྱེད་མུས་ཡིན་ལ། དུས་མཚུངས་སུ་སྨན་ཁང་གི་དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཀ་རྒྱུན་མཐུད་སྒོས་ཇེ་མཐོར་གཏོང་བ་དང་། ཁྱད་ཆོས་ལྡན་པའི་བོད་སྨན་ཁང་གསར་སྐྲུན་བྱེད་པ། རིགས་སོ་སོའི་མང་ཚོགས་ལ་སྤུས་ཀ་བཟང་ཞིང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་བགྲོད་ལམ་སྟེང་སྔར་བས་བརྟན་པའི་གོམ་པ་སྤོ་རྒྱུ་ཡིན་ཟེར། །”
རིན་ཆེན་མཚོས་རྩོམ་སྒྲིག་བྱས།