སྟོན་དུས་ཀྱི་མཚོ་སྔོན་པོ་ནམ་མཁར་འདྲེས་པ་བཞིན་སྔོ་ཞིང་དྭངས་ལ། ཕྱོགས་བཞི་རི་བོས་བསྐོར་བའི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་ཀྱི་ཉམས་འགྱུར། སྐྱེ་ཁམས་རིན་ཐང་བཅས་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོའི་ཡིད་དབང་བཀུག་ཡོད།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དམིགས་སུ་བཟུང་བ་དང་། སྐྱེ་ཁམས་ཡུལ་སྐོར་དང་ལྗོངས་ཁུལ་གསར་སྤེལ་གཉིས་ཀྱི་འབྲེལ་བ་འཆམ་མཐུན་གཅིག་གྱུར་ཡོང་བར་བྱས་ཏེ། མཛེས་ལྗོངས་ཁུལ་གྱི“སྐྱེ་ཁམས་ཡུལ་སྐོར་དང་འགྲིམ་འགྲུལ”དང“སྐྱེ་ཁམས་ཡུལ་སྐོར་དང་རིག་གནས”ཀྱི་གཉེར་སྐྱོང་རྣམ་པ་གསར་གཏོད་བྱས་ཤིང་། “འཇའ་ཚོན་ལམ”དང་། གྲུ་ཁར་སྐྱོད་པའི་གཞུང་ལམ་ཀྱི་ཚོན་རིས། ཁྱད་ལྡན་དྲ་གྲགས་ལྗོངས་ཁུལ། འཁྲབ་སྟོན་ཐང་ཆེན་གྱི་དམངས་སྲོལ་འཁྲབ་སྟོན་ལེ་ཚན་སོགས་རིག་ལམ་གསར་པ་དང་བྱེད་སྟངས་གསར་པར་བརྟེན་ནས་སྣ་མང་རང་བཞིན་དང་། མི་ཆོས་རང་བཞིན། སྐྱེ་ཁམས་རང་བཞིན་བཅས་ལྗོངས་ཁུལ་གྱི་ཁྱད་ཆོས་མངོན་ཡོད།
2023ལོར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་པ་མི་ཐེངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་སྟོང་བདུན་ལྷག་སྣེ་ལེན་བྱས་པ་དེ2019ལོའི་དུས་མཉམ་ལས38%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ད་ལོའི་ཟླ7པའི་ཚེས9ཉིན་བར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་པ་མི་ཐེངས་ས་ཡ་གཅིག་ལྷག་སྣེ་ལེན་བྱས་ཡོད།
གྲུབ་འབྲས་དེ་དག་ནི་མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས། བཅོས་སྒྱུར་གྱི་རྩ་བའི་དགོངས་གཞི་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ། སྲུང་སྐྱོང་ལེགས་པོ་བྱེད་པའི་ཁྲོད་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་ཕྱོགས་སུ་བསྒྱུར་ནས“ལྷིང་འཇགས”ཀྱི་སྐྱེ་ཁམས་ཐོན་ཁུངས་འདིར“གསོན་ཤུགས”བསྣན་པ་ལས་བྱུང་།
དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ད་ཡོད་ཐོན་ཁུངས་ཧྲིལ་བསྡུས་བྱས་ཏེ་ གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། གཅིག་གྱུར་གྱིས་ཚད་གཞི་བཟོ་བ། གཅིག་གྱུར་གྱིས་གཉེར་སྐྱོང་བཅས་བྱས་ཤིང་། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞི་དང་སྦྲེལ་མཐུད་བྱེད་པའི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་རྟེན་གཞི་གསར་སྐྲུན་བྱེད་པའི་བླང་བྱ་ལྟར། ཁྱོན་ཡོངས་ནས་མཚོ་སྔོན་པོ་ལྗོངས་ཁུལ་གྱི་ཚད་གཞི་ཅན་གྱི་ཚོད་ལྟ་བྱེད་ས་ལག་བསྟར་བྱས།
རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྲད་པའི་ལོ་རྒྱུས་ཀྱི་ལས་འགན་དང་འཆར་གཞི་རླབས་ཆེན་ཞིག་རེད།
མཚོ་སྔོན་གྱིས་གཟི་བརྗིད་དུ་བརྩི་རུང་བའི་ལྗང་མདོག་སྐྱེ་ཁམས་ནས་མགོ་བརྩམས་ཏེ། མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པ་དང་། “ལྟེ་བ་གཅིག་སྐོར་གཅིག་ས་ཁུལ་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་རྒྱུར་དམིགས་ནས་ཟི་ལིང་གྲོང་ཁྱེར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། མཚོ་སྔོན་པོ་བསྐོར་བའི་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་ལམ་ཐིག་བཏོད་པ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཁུལ་མང་པོ་བཏོད་པའི་རྣམ་པ་མགྱོགས་མྱུར་སྒོས་ཆགས་པར་བྱས་ཏེ། “ལྟེ་གཅིག་གིས་སྣེ་ཁྲིད་དང་། སྐོར་གཅིག་གིས་དཔེ་སྟོན་བྱེད་པ། ས་ཁུལ་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་ཆགས་པར་བྱས།
དམིགས་འབེན་ལ་དམ་པོར་དམིགས་ནས། མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གོམ་པ་བརྟན་པོ་སྤོས་པ་དང་དུས་མཚུངས་སུ་གྲུབ་འབྲས་ངེས་ཅན་ཡང་བླངས།
ད་ལྟ་མཚོ་སྔོན་གྱིས་ཟི་ལིང་གྲོང་ཁྱེར“ལྟེ་བར”འཛིན་པ་དང་། མཚོ་སྔོན་པོ་ལྟེ་གནས་སུ་བྱས་ཏེ་མིན་ཧོ་དང་། མིན་ཡོན། བུའུ་ལན་སོགས་མཚོ་སྐོར་རྫོང་དང་ཆུས15ཡི་ཡུལ་སྐོར་མཛེས་ལྗོངས་ཁུལ57གྱིས་གྲུབ་པའི་མཚོ་སྐོར་སྐྱེ་ཁམས་སྤུས་དག་གི་ཡུལ་སྐོར་ར་བ་བསྐྲུན་འཆར་ཡོད།
མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་ལམ་ཐིག་ཆེན་པོ་བསྐྲུན་ཏེ་མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་ཞིན་ཅང་སོགས་ཞིང་ཆེན་ལས་བརྒལ་བའི་ཡུལ་སྐོར་ལམ་ཐིག་ལེགས་བསྒྱུར་དང་མཐོར་འདེགས་གཏོང་དགོས། རིམ་པ་ཀ་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ38གསར་དུ་དཔྱད་བསྡུར་གཏན་འབེབས་བྱས་པ་དང་། ཞིང་ཆེན་རིམ་པའི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་དགུ་གསར་དུ་བཙུགས་ཡོད། “མདོ་ལ་ལྷ་ཡི་ཞིང་ཁམས”དང“རྨ་ཙོང་དམངས་སྲོལ་རིག་གནས”སོགས་ལམ་ཐིག11རིག་གནས་དང་ཡུལ་སྐོར་པུའུ་ཡི“གྲོང་གསེབ་ཀྱི་དུས་བཞིའི་ཡུལ་ལྗོངས་ཡག་ཤོས”རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལམ་ཐིག་རྩེ་གྲ་ནང་བདམས་ཐོན་བྱུང་།
མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཁྲང་ཧུང་ཨན་གྱིས་བཤད་རྒྱུར།“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི‘དམིགས་གནད་བདུན’དང་། ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་དམིགས་སུ་བཟུང་ནས་བཙུགས་པ་དང་། རིག་གནས་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་བསམ་བློའི་དྲག་ཆས་དང་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ཕྱོགས་སྟོན་ལེགས་པོ་མཁོ་འདོན་བྱས་ཡོད། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ནང་རྐྱེན་ཇེ་ལེགས་སུ་གཏོང་བ་ནི། ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས་པ་དེ་ཡིན”ཟེར།
མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཀ་ལྔ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་སྐོར་ཞིག་སྐྱེད་སྲིང་ཤུགས་ཆེན་བྱས་ནས། རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པའི་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ། ཡུལ་སྐོར་སྤྲོ་གསེང་སྲང་ཁུལ་སྐོར་ཞིག་བཏོད་དེ། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་དང་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་སྐོར་ཞིག་བསྐྲུན་རྒྱུ་ཡིན་ལ། འཛད་སྤྱོད་བྱ་ཡུལ་གསར་སྤེལ་དང་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་འཛད་སྤྱོད་ཀྱི་སྦས་ཤུགས་དང་གསོན་ཤུགས་ལ་སྔར་ལས་སྐུལ་སྤེལ་དང་།“རི་ཆུའི་འབྱུང་ཁུངས། མཛེས་སྡུག་གི་མཚོ་སྔོན”ཟོང་རྟགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་རིག་གནས་དང་ཡུལ་སྐོར་ཐད་ཀྱི་འཛད་སྤྱོད་དགོས་མཁོ་གསར་པ་སྐོང་དགོས། ད་ལོ“4321”གི་ལོ་འཁོར་མོའི་ཚད་འབེབས་དམིགས་འབེན་མངོན་འགྱུར་འབྱུང་བ་བརྩོན་ལེན་བྱས་ཏེ། སྤྱིའི་མ་དངུལ་གཏོང་ཚད་དུས་མཉམ་ལས40%འཕར་བ་དང་། ཡུལ་སྐོར་པའི་སྤྱི་གྲངས་དུས་མཉམ་ལས30%འཕར་བ། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་དུས་མཉམ་ལས20%འཕར་བ། ཡུལ་སྐོར་ཁྲལ་བསྡུ་དུས་མཉམ་ལས10%འཕར་བ་བཅས་བྱེད་རྒྱུ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཡུལ་སྐོར་ལས་རིགས་དེ་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་དང་དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་མགྱོགས་མྱུར་གྱིས་བསྐྲུན་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་དགོས།
མཚོ་སྔོན་གྱིས་སྤུས་ལེགས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ཡུལ་སྐོར་གྱི་ཁྱད་ལྡན་ཟོང་རྟགས་བཏོད་པ། “ཡུལ་སྐོར་དང་ལུས་རྩལ”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཡུལ་སྐོར་དང་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཡུལ་སྐོར་གྲུ་གཟིངས་ལ་བརྟེན་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་ལ་ཤུགས་སྣོན་པ། བེད་མེད་དུ་བསྐྱུར་བའི་ཡུལ་སྐོར་ལས་གཞིར་བརྩོན་པ། འཛད་སྤྱོད་དམངས་ཕན་གྱི་སྲིད་ཇུས་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། རིག་ནུས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་འགྲིམ་འགྲུལ་ཞབས་ཞུ་འཐུས་ཚང་དུ་གཏོང་བ། མཚན་མོའི་རིག་གནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ས་ཁོངས་མཉམ་ལས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།