ཕ་ཡུལ་གྱི་བརྩེ་སེམས་བཏེགས་པའི་ལུག་བལ་གྱི་སྐེ་དཀྲིས།
2024.08.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 67

ཀུང་ཟིའི་སྐྱེས་མ་ལས་བཟོ་པས་སྲོལ་རྒྱུན་གྱི་བསླས་འཐག་ལག་རྩལ་ངོམ་བཞིན་པ།

ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གཡང་དཀར་འབའ་སྒྲའི་ལུག་བལ་ཐོན་ལས་ཚད་ཡོད་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་ནང་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་ལས་བཟོ་པའི་བྲེལ་འཚུབ་ཀྱི་རྣམ་པ་གཅིག་ཏུ་འདུས་ནས་ཕྱུག་འགྱུར་གྱི་རོལ་མོ་དཀྲོལ་བཞིན་འདུག ལས་བཟོ་པ་རྣམས་ཀྱིས་བྱང་ཆ་ཡོད་པའི་སྒོ་ནས་འཕྲུལ་ཆས་བཀོལ་སྤྱོད་བྱས་པས། ལུག་བལ་རྡོག་པོ་རེ་རེས་ཁོ་ཚོའི་ལག་རྩལ་བརྒྱུད་རྗེས་སྐེ་དཀྲིས་མཛེས་ཤོས་ཤིག་ཏུ་གྱུར་སོང་།

སྟོན་མགོ་ཚུགས་སོང་ལ་ནམ་ཟླ་རིམ་གྱིས་ཇེ་འཁྱག་ཏུ་གྱུར། ད་ནི་སྐེ་དཀྲིས་བཙོང་བའི་དུས་སྐབས་ལེགས་ཤོས་དེ་རེད། སྐེ་དཀྲིས་རེ་རེ་ཐུམ་སྒྲིལ་བརྒྱབ་ནས་མཛོད་ཁང་ལས་ཕྱིར་ལེན་དུས། ཁེ་ལས་ཀྱི་འགན་ཁུར་བ་འཇམ་དཔལ་གྱི་གདོང་ལ་འཛུམ་གྱིས་ཁེངས་འདུག

སྦྱིན་བདག སྐེ་དཀྲིས་ཀྱི་ཁབ་སྐུད་ཞིབ་ཚགས་ཡིན་ཞིང་འཇམ་ཤ་ཆེ་བས་སྐེ་ལ་དཀྲིས་ན་དྲོད་ལམ་ལམ་ཞིག་རེད། ང་ལ་གཅིག་བཙོངས་རོགས་ཟེར།  འཇམ་དཔལ་གྱིས་བརྗེད་དུ་མེད་པ་ནི་ཉེ་སྔོན་རྩེ་ཁོག་རྫོང་གི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་སྤེལ་བའི་རྩེ་ཕུལ་ཕྱུགས་རྫས་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ཚོགས་འདུའི་སྟེང་ཡུལ་སྐོར་བ་རྣམས་ཀྱི་ཁས་ལེན་ཐོབ་པར་མ་ཟད་ཕ་ཡུལ་གྱི་བརྩེ་སེམས་ཟབ་མོ་བཏེགས་པའི་ལུག་བལ་གྱི་སྐེ་དཀྲིས་ལ་དགའ་བོ་བྱས་པའི་རྣམ་པ་དེ་རེད། 

ཡ་ཆོག་གི ཁྱོད་ཀྱིས་སེམས་བདེ་མོ་བྱས་ནས་གྱོན་དང་། རྩེ་ཁོག་རྫོང་གི་ཉིན་མཚན་དྲོད་ཚད་བར་ཁྱད་ཆེ་ཞིང་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། སྐེ་དཀྲིས་བེད་སྤྱོད་ཐུབ་ངེས། ལུག་བལ་སྐེ་དཀྲིས་ལ་འཛད་སྤྱོད་པ་མང་པོས་དགའ་བསུ་བྱས་པས་ཅང་མ་འགོར་བར་ཚང་མ་བཙོངས་ཚར་འདུག

རྩེ་ཁོག་འབྲོག་ཁུལ་གྱི་ཁྱིམ་ཚང་རེ་རེས་ནོར་ལུག་འཚོ་སྐྱོང་བྱེད་བཞིན་ཡོད་ལ། འོ་བཟོས་ཐོན་རྫས་དང་ཤ་བཟོས་ཐོན་རྫས་ལ་བརྟེན་ནས་ཡོང་འབབ་ལེན་གྱིན་ཡོད། འོན་ཀྱང་། སྣ་རྐྱང་གི་ཚོང་གཉེར་བྱེད་ཐབས་འདི་དང་ངོ་བོ་གཅིག་པའི་འགྲན་རྩོད་ཇེ་རྒོད་ནས་ཇེ་རྒོད་ཏུ་འགྱུར་བཞིན་འདུག དེའི་ཕྱིར། འཇམ་དཔལ་གྱིས་རང་གི་བློ་གྲོས་དང་སྔོན་ཐོན་གྱི་བསམ་བློར་བརྟེན་ནས་ལུག་བལ་ཐོན་ལས་གཉེར་བར་ཁ་ཕྱོགས་པ་རེད།

ལུག་བལ་ཐོན་ལས་འཕེལ་རྒྱས་བཏང་ཚེ་བར་ཁྱད་རང་བཞིན་གྱི་འགྲན་རྩོད་ཡོད་ཅིང་། དམིགས་བསལ་གྱི་ཁྱབ་ཁོངས་སུ་སྒེར་གྱི་ཁྲོམ་རའི་གོ་གནས་བསྐྲུན་ཐུབ། སྤྱིར་བཏང་གི་ནོར་ལུག་གསོ་སྤེལ་དང་དེའི་འབྲེལ་ཡོད་ཐོན་རྫས་ལ་བསྡུར་ཚེ། ལུག་བལ་ཐོན་རྫས་ལ་ཟུར་སྣོན་རིན་ཐང་ཡོད་པ་དང་།  ཁེ་སྤོགས་ཀྱང་དེ་བས་མཐོན་པོ་ཡོད། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། རྒྱུ་སྤུས་ལེགས་ཤིང་དར་སྲོལ་དང་མཐུན་པའི་ལུག་བལ་ཐོན་རྫས་ཀྱི་དགོས་མཁོ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཐོན་ལས་ཀྱི་ཡུན་རིང་འཕེལ་རྒྱས་ལ་ཕན་པ་ཡོད། བློ་ཞིབ་མོས་འཆར་འགོད་བྱས་རྗེས། འཇམ་དཔལ་གྱིས་བློ་ཐག་རྦད་ཆོད་ཀྱིས་ཐོན་ལས་རིགས་འདི་གཉེར་མགོ་བརྩམས།

ཟླ་བདུན་པའི་ཟླ་དཀྱིལ་དུ། འཇམ་དཔལ་གྱིས་ཉིན་ཤུག་ཡུལ་ཚོ་གསེར་ལུང་སྡེ་བའི་ལུག་བལ་སྤྱི་རྒྱ་ཁྲི་བཞི་ལྷག་བསྡུ་ཉོ་བྱས། དེའི་རྗེས། ལུག་བལ་གསེད་ནས་གཙང་སེལ་བྱས་པ་དང་། ལག་ཤེས་བཟོ་པས་རང་གི་ཉམས་མྱོང་དང་བྱང་ཆ་ཡོད་པའི་ལག་རྩལ་ལ་བརྟེན་ཞིང་། འཁལ་འཕང་གིས་སེང་སྐུད་ཀྱི་སྦོམ་ཕྲ་དང་ཆ་སྙོམས་ཚད་ཚོད་འཛིན་བྱས་ནས་ལུག་བལ་དེ་སེང་སྐུད་ཏུ་འཐག་པ་རེད། ཚོས་རྒྱག་པ་དང་བསླས་འཐག དྲས་གཏུབས། དབུར་ཏི་རྒྱག་པ་སོགས་ལས་རིམ་བརྒྱུད་རྗེས། ད་གཟོད་ལག་བཟོས་ལུག་བལ་སྐེ་དཀྲིས་ཤིག་བཟོས་ཚར་བ་རེད།

འཇམ་དཔལ་གྱིས་བལྟས་ན། དྲོད་འཁོལ་དང་བརྩེ་བས་བསྟིམས་པའི་ལུག་བལ་གྱི་སྐེ་དཀྲིས་ནི་དྲོད་སྲུང་གི་དར་སྲོལ་ཐོན་རྫས་ཡིན་པར་མ་ཟད། ཕ་ཡུལ་གྱི་ཁྱད་ཆོས་དང་མི་རིགས་རིག་གནས་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན། འབྲོག་ཁུལ་གྱི་སྐྱེས་མ་ཚོས་བྱང་ཆ་ཡོད་པའི་ལག་རྩལ་ལ་བརྟེན་ནས། མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་སྨོན་འདུན་ཁབ་དང་སྐུད་པར་བརྒྱུས་ཡོད། སྐེ་དཀྲིས་སྟེང་གི་རྒྱན་རིས་དང་ཁྲ་རིས་ཀྱི་ཁ་དོག་རྣམ་པར་བཀྲ་ཞིང་གསོན་ཉམས་ལྡན་པ་དང་། ཕ་ཡུལ་གྱི་རང་བྱུང་ཡུལ་ལྗོངས་དང་དམངས་སྲོལ་གོམས་གཤིས་སོགས་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་བསྡུ་ལེན་བྱས་པས། མི་རིགས་རིག་གནས་ཀྱི་ཉིང་བཅུད་འདུས་ཤིང་། དེ་དང་མཉམ་དུ་ཕ་ཡུལ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྙེག་དང་འདུན་པ་མཚོན་ཡོད།

ལུག་བལ་ཐོན་ལས་དར་རྒྱས་གོང་འཕེལ་ཕྱིན་པ་དེས་འབྲོག་པ་མང་ཚོགས་རྣམས་ཀྱིས་མཛེས་སྡུག་འཚོ་བར་སྙེག་པར་དྲོད་འཁོལ་ལྡན་པའི་བགྲོད་ལམ་ཞིག་བསྐྲུན་ཡོད། ཀུང་ཟིའི་ལས་བཟོ་པ་སྒྲོལ་མས་བཤད་རྒྱུར། སྔོན་ཆད་བཟའ་མི་ཡོངས་ཀྱིས་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་དང་། ཕྱུགས་ལས་ལ་ནམ་ཟླ་དང་ཁྲོམ་རའི་གཡོ་འགུལ་གྱི་ཤུགས་རྐྱེན་ཐེབས་སླ་བས་ཡོང་འབབ་ལ་ཚད་བཀག་ཡོད། ལུག་བལ་སྐེ་དཀྲིས་བསླས་འཐག་གི་བྱ་བར་ཞུགས་པ་ནས་བཟུང་། ཁོ་མོའི་ཡོང་འབབ་ཇེ་མང་དུ་ཕྱིན་ཡོད། ད་སྔ། ཁོ་མོས་ཁྱིམ་དང་ཐག་ཉེ་ས་ནས་ལས་ཞུགས་བྱས་པས་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན་ཞིང་། མིག་སྔར། ཀུང་ཟི་ཡིས་ས་གནས་དེ་གའི་སྡེ་དམངས་ཉེར་བཞིའི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། དེའི་ཁྲོད་དུ་དབུལ་ཐར་ཁྱིམ་ཚང་བཅུ་གཉིས་ཚུད་ཡོད།

ལུག་བལ་ཐོན་ལས་ཀྱིས་ཕ་ཡུལ་གྱི་རིག་གནས་རྒྱུད་འཛིན་དང་གསར་གཏོད་ཐད་ལ་གར་སྟེགས་ཆེན་པོ་འདོན་སྤྲོད་བྱས་ཡོད་དེ། ཕྱོགས་གཅིག་ནས། མི་རིགས་ཀྱི་དྲན་འཛིན་དང་བློ་གྲོས་བཏེགས་པའི་ལག་ཤེས་བཟོ་རྩལ་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱས་ཏེ་ཇི་མ་ཇི་བཞིན་དུ་རྒྱུད་འཛིན་བྱས་ཡོད། ཕྱོགས་གཞན་ཞིག་ནས། དེང་རབས་ཀྱི་ཚན་རྩལ་དང་ཇུས་འགོད་ལྟ་བ་ནང་འདྲེན་བྱས་ནས་ལུག་བལ་ཐོན་རྫས་ལ་གསོན་ཤུགས་གསར་བ་བསྣན་ཡོད།

སྒྱུ་རྩལ་ལ་སློབ་སྦྱོང་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མ་འགའ་རེ་ཕྱིར་ཕ་ཡུལ་དུ་ལོག་རྗེས་ང་ཚོའི་ཀུང་ཟིར་ཡོང་ནས་བྱ་བ་གཉེར་འདོད་ཡོད། ཁོ་ཚོས་མི་རིགས་རིག་གནས་ཀྱི་གསེང་ནས་རིག་ཀློང་འཚོལ་བསྡུ་བྱས་པ་དང་། སྲོལ་རྒྱུན་གྱི་རྒྱན་རིས་དང་དེང་རབས་ཀྱི་མཛེས་དཔྱོད་གཉིས་ཟུང་འབྲེལ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ལྡན་ཞིང་། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་བཅས་ཀྱི་ཟོང་རྫས་གསར་གཏོད་བྱས། ད་ལྟ། བཟོ་གྲྭས་བལ་ཤད་འཕྲུལ་འཁོར་ཆེ་ཤོས་དང་དེང་རབས་ཅན་གྱི་ཚོས་རྒྱག་སྒྲིག་ཆས། རང་འགུལ་ཅན་གྱི་ཐགས་ཁྲི་སོགས་ནང་འདྲེན་བྱས་ཏེ། སྒྲིག་བཟོ་དེ་སྔར་ལས་ལས་ཆོད་མཐོ་ཞིང་གཞི་ཁྱོན་ཅན་དུ་གྱུར་ཡོད། རྒྱུད་འཛིན་དང་དར་སྤེལ་མཉམ་འདྲེས་བྱས་ཏེ། ལུག་བལ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་བར་མ་ཟད། མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ལ་བགྲོད་ལམ་གསར་བ་བཏོད།

རྩེ་ཁོག་རྫོང་གིས་ཕྱིར་འཚོང་སྟེགས་བུ་བསྐྲུན་པ་དང་། གློག་རྡུང་ཉོ་འཚོང་དང་བཀྲམ་འཚོང་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ལུག་བལ་གྱི་སྐེ་དཀྲིས་དེ་སྔར་ལས་རྒྱ་ཆེ་བའི་ཁྲོམ་རར་ཕྱིར་འཚོང་བྱས་པས། ཉོ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་། འབྲོག་པ་རྣམས་ཀྱི་ངར་ཤུགས་ཇེ་རྒྱས་ནས་ཇེ་རྒྱས་རེད།

ལུག་བལ་གྱི་སྐེ་དཀྲིས་ཀྱིས་བཏེགས་པའི་ཕ་ཡུལ་གྱི་མཛེས་པ་དང་། ལག་རྩལ་གྱི་བྱང་ཆ། བརྩེ་དུང་གི་ཟབ་ཚད་བཅས་ཀྱིས་མི་སྔར་ལས་མང་པོ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུག་ཡོད། འཇམ་དཔལ་གྱིས་བཤད་རྒྱུར། ང་ཚོས་ལུག་བལ་སྐེ་དཀྲིས་ཐོན་ལས་དང་རིག་གནས་ཡུལ་སྐོར་གཉིས་ཟུང་འབྲེལ་བྱེད་བསམ་ཡོད། ཡུལ་སྐོར་བ་གནས་འདིར་ཐོན་ན། ལུག་བལ་ཐོན་རྫས་ཉོ་བ་དང་མཉམ་དུ། ལུག་བལ་སྐེ་དཀྲིས་བཟོ་བའི་བརྒྱུད་རིམ་ལ་བལྟ་ཐུབ་པ་དང་། སྲོལ་རྒྱུན་གྱི་བསླས་འཐག་ལག་རྩལ་དངོས་སུ་ཉམས་ལེན་བྱེད་ཐུབ། ཕྱོགས་གཅིག་ནས་རང་བྱུང་ཡུལ་ལྗོངས་ལ་ལྟ་སྐོར་དང་ས་གནས་དེ་གའི་ཟས་རིགས་ལོངས་སུ་སྤྱོད་ཐུབ་པ་དང་། ཕྱོགས་གཅིག་ནས་དེའི་རྒྱབ་རོལ་གྱི་རིག་གནས་གཏམ་རྒྱུད་ཉན་ནས་རིག་གནས་ཀྱི་ཟིལ་ཤུགས་ཉམས་སུ་མྱངས་ཏེ། ལུག་བལ་གྱི་སྐེ་དཀྲིས་དེ་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་སྙིང་བཅུད་དང་ཡུལ་སྲོལ་གོམས་གཤིས་མངོན་པའི་མིང་བྱང་བརྗིད་པོ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།