རྫ་ཆུའི་འགྲམ་ནས་མཆེད་པའི་དུས་རབས་གསར་པའི་གླུ་སྐད།
2024.09.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

སྟོན་ཁར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་སོང་བ་ན། བརྗིད་ཆགས་མཛེས་སྡུག་གི་རང་བྱུང་མཛེས་ལྗོངས་ཀྱིས་ང་ཚོའི་ཡིད་དབང་འཕྲོག་སྲིད། མུ་ནས་མུ་རུ་བསྲིངས་པའི་རི་རྒྱུད་དང་མུ་མཐའ་བྲལ་བའི་རྩྭ་ཐང་གཉིས་ཀྱིས་ཕན་ཚུན་བརྒྱན་ཞིང་། སྔོ་བསངས་བསངས་ཀྱི་ནམ་མཁའ་དང་ལང་ལོང་དུ་གཡོ་བའི་སྤྲིན་དཀར་འོག་ཏུ་ནོར་ལུག་གི་ཁྱུ་ནི་མཁའ་དབྱིངས་སུ་སྐར་ཚོགས་བཀྲ་བ་བཞིན་ཡུལ་དེའི་མཛེས་རྒྱན་དུ་གྱུར་ཡོད།

ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོ་དང་སྡོམ་པ་ཡུལ་ཚོ། འབྲོག་ཤོག་ཡུལ་ཚོ་བཅས་ནི་ཕྱུགས་ལས་ཁོ་ན་གཉེར་བའི་ཡུལ་དང་། རྫོང་ཡོངས་ཀྱི་ཕྱུགས་ལས་གཙོ་གནད་ཀྱི་རྫོང་ཡང་ཡིན། འབྲོག་ཤོག་ཡུལ་ཚོ་ཇ་མཛོད་སྡེ་བར་བཅར་འདྲི་བྱེད་སྐབས། ང་ཚོས་ཡུལ་དེའི་འབྲོག་པ་རྣམས་ལྷག་ཏུ་ས་གཞིར་དགའ་ཞིང་ས་གཞིར་བཀུར་བཞིན་པ་ཚོར་ཐུབ། ནུབ་ཁའི་ཉི་འོད་འོག་ཏུ་འབྲོག་པ་རྒྱལ་མཚན་གྱིས་འུར་ཆ་གཡུགས་ནས་ནོར་ཁྱུ་ཕྱུགས་ཁང་ནང་དུ་འདེད་བཞིན་ཡོད། ཁོས་ནོར་ལུག་འདེད་པའི་སྐད་སྒྲ་རྒྱང་རིང་ནས་ཐོས་ཐུབ་ལ། ནོར་ཁྱུའང་ཁོའི་བྱང་ཆ་ལྡན་པའི་བཀོད་འདོམས་འོག་དལ་གྱིས་ཕྱུགས་ཁང་གི་ཕྱོགས་སུ་སྐྱོད་བཞིན་ཡོད།

རྒྱལ་མཚན་གྱིས་བཤད་རྒྱུར། “མི་རབས་ནས་མི་རབས་བར་ཡུལ་འདི་ནས་འཚོ་བ་རོལ་བས། རྩྭ་ཐང་ནི་ང་ཚོའི་འཚོ་རྟེན་ཡིན། ང་ཚོས་རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་གསལ་པོ་ཤེས་ཡོད། སྐྱེ་ཁམས་ལེགས་ན་ད་གཟོད་ནོར་ལུག་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་པས། ང་ཚོའི་འཚོ་བའང་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་སྲིད”ཟེར། ནང་ཆེན་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བར་གཟབ་ནན་དང་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་དང་དོ་དམ་ཉམས་མྱོང་ནང་འདྲེན་བྱེད་ཀྱིན་ཡོད། ལུགས་མཐུན་གྱི་སྒོ་ནས་ཕྱུགས་ར་ལས་པ་དང་རེས་འཚོ་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་རྩྭ་ཐང་གི་སྔོ་ཁེབས་ལ་གོ་ཆོད་སྒོས་སྲུང་སྐྱོབ་ཐོབ། དུས་མཚུངས་སུ། “སྲིད་གཞུང་དང་ཁེ་ལས། མཉམ་ལས་ཁང་དང་ཞིང་ཁྱིམ”གྱི་འཕེལ་རྒྱས་གཏོང་སྟངས་བཀོལ་ནས་སྟོང་ལུག་སྟོང་ནོར་གྱི་གསོ་སྤེལ་རྟེན་གཞི་བཙུགས། “འབྲུ་རིགས་གཟན་ཆས”དང་ཕྱུགས་ཁང་དུ་གཟན་རྩྭ་འདེབས་པའི་བྱེད་ཐབས་བརྒྱུད་ནས་ཕྱུགས་ལས་ཀྱི་དར་རྒྱས་ཆེན་པོར་རྨང་གཞི་བརྟན་པོ་བཏིངས།

སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་བརྟན་བརླིང་དུ་བཏང་བ་དང་མཉམ་དུ། ནང་ཆེན་རྫོང་གི་ཞིང་ལས་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ནས་ནག་ནི་ནང་ཆེན་རྫོང་གི་སྲོལ་རྒྱུན་ཁྱད་ལྡན་ཞིང་ལས་ལོ་ཏོག་གྲས་ཀྱི་གཅིག་རེད། ཐོན་ཚད་ནང་ཆེན་རྫོང་གི་འབྲུ་རིགས་སྤྱིའི་ཐོན་ཚད་ལས་ཧ་ཅང་མཐོ་བར་མ་ཟད། རྫོང་ཡོངས་ཀྱི་ཞིང་ལས་དཔལ་འབྱོར་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། “ལྗང་མདོག་སྐྱེ་ལྡན”འདེབས་འཛུགས་ཀྱི་སྒུལ་ཤུགས་འོག་ཏུ། ཡུལ་དེའི་ནས་ནག་གིས་སྔར་ལས་མཐོ་བའི་རིན་ཐང་སྩོལ་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ནང་ཆེན་རྫོང་གིས་ཞིང་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཧུར་ཐག་གིས་འཚོལ་སྙེག་བྱས་ཏེ། “ནས་ནག་དང་ཉུང་མ། ཞོག་ཁོག ཡུག་པོ”མུའུ་ཁྲི་ཅན་གྱི་འདེབས་འཛུགས་རྟེན་གཞི་བཞིར་བསྟུད་མར་སྐུལ་འདེད་བཏང་བ་དང་། ས་བབ་དང་བསྟུན་ནས་སྦས་ཤུགས་ལྡན་པའི་གསོ་སྤེལ་སྔོག་འདོན་བྱས་ཤིང་ཞིང་ལས་འདེབས་འཛུགས་འཕེལ་རྒྱས་སུ་བཏང་། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ནས་ནག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང1500དང་ཉུང་མ་སྤྱི་ཆིང800། ཞོག་ཁོག་སྤྱི་ཆིང670། ཡུག་པོ་སྤྱི་ཆིང2400བཅས་ལ་སླེབས་ཡོད། ནང་ཆེན་རྫོང་ཐོན་ལས་དབུལ་སྐྱོར་ར་བ་རུ་ཡོད་པའི་ནང་ཆེན་རྒྱལ་པོ་ནས་ནག་སྦི་རག་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ། ནས་ནག་གི་མྱུ་གུར“བྱབས་ཁྲུས”ཐེངས་ཤིག་བྱས་རྗེས། བྲོ་བ་ཞིམ་པོའི་ནས་ནག་ཝུ་ཆང་དམ་བུ་རེ་རེར་གྱུར་པ་དང་། ནས་ནག་སྦི་རག་དེ་ནང་ཆེན་རྫོང་གི་གྲོང་གསེབ་དར་སྤེལ་ལམ་གྱི་ཕྱུག་འགྱུར་ཐབས་མཆོག་གལ་ཆེན་ཞིག་ཏུ་གྱུར་ཡོད།

ནང་ཆེན་རྒྱལ་པོ་ནས་ནག་སྦི་རག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་གཉེར་པ་ཀྲུའུ་ཐོང་ཞོན་གྱིས་བཤད་རྒྱུར། ནས་ནག་དང་ནས་ནག་སྦི་རག་གིས་འཛད་སྤྱོད་པར་ཀུང་སིར་ཁས་ལེན་ཐོབ་ཏུ་བཅུག་པ་མ་ཟད། ལས་རིགས་ཁག་ལ་དོ་སྣང་ཡང་བྱེད་དུ་བཅུག་ཡོད། ནང་ཆེན་གྱི་ཁྱད་ལྡན་ཟོང་རྟགས་ཀྱི་རིན་ཐང་སྔར་ལས་མཐོར་འདེགས་སུ་བཏང་ཡོད། “ཁེ་ལས་དང་རྟེན་གཞི། ཞིང་ཁྱིམ”གྱི་རྣམ་པ་བརྒྱུད་ནས། ཀུང་སི་གཉེར་སྐྱོང་བྱས་པ་དང་དུས་མཚུངས་སུ། ཡུལ་དེའི་མང་ཚོགས40ལས་ཀར་ཞུགས་སུ་བཅུག་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འཕར་སྒོར་ས་ཡ་གཅིག་ལས་བརྒལ་ཡོད་ཟེར།

འབྱོར་འབྲིང་གི་རྨང་རྡོ་དང་འཕེལ་རྒྱས་ཀྱི་མ་གཞི། བརྟན་བརླིང་གི་གནད་ཆེན་སོགས་ང་ཚོས་ཤེས་ཡོད་ལ། ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ནང་ཆེན་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་སའི་གཙོ་འདོན་ཁུལ་བསྐྲུན་པའི་འཐབ་ཇུས་གནས་མཚམས་ལ་དམ་པོར་དམིགས་པ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། “ཞིང་ལས་ཀྱིས་ཕྱུགས་ལས་ལ་ཡར་སྐུལ་དང་ཞིང་ཕྱུགས་ཕན་ཚུན་གསབ་རེས”ཀྱི་འཕེལ་རྒྱས་གཏོང་སྟངས་ཤུགས་ཡོད་རྒུས་ཆགས་སུ་འཇུག་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་དུ་གཏོང་བའི་ཐད་གོམ་པ་བརྟན་པོ་སྤོ་བ་བཅས་བྱས་པས། རྫ་ཆུའི་འགྲམ་ངོགས་སུ་དུས་རབས་གསར་པའི་གླུ་སྐད་སིང་སིང་དུ་མཆེད་ཡོང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།