དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལག་བསྟར་མཁན་དང་སྐུལ་སྤེལ་མཁན། སྲུང་སྐྱོབ་མཁན་བཅས་བྱེད་དགོས།
2024.10.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

------སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་བུ་མོ་ཚོ་འབད་པ་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་ལྕག་བཏང་།

ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན། ཟླ9པའི་ཚེས27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ།   ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ཚུན་ལ་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་གྲུབ་འབྲས་རླབས་ཆེན་བླངས་པ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཤིང་། དུས་རབས་གསར་བའི་བསྐྱོད་ལམ་གསར་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་གསལ་བོར་བཏོན་པས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོན་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟུང་འབྲེལ་བྱེད་པ་དང་། དགོངས་དོན་གྱི་ངོ་བོ་དང་ཉིང་བཅུད་དམ་འཛིན་བྱེད་ཅིང་། གནས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་བཅས་དམ་འཛིན་བྱེད་པ་དང་། གཟེངས་བསྟོད་ཐོབ་པའི་དཔེ་སྟོན་སྡེ་ཁག་དང་མི་སྒེར་དེ་མིག་དཔེར་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་ནས། ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས།

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་སུམ་བརྒྱ་ང་གཉིས་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར་སུམ་བརྒྱ་རེ་བརྒྱད་ལ་གཟེངས་བསྟོད་ཐོབ་ཅིང་། དེའི་ཁྲོད་མཚོ་སྔོན་གྱི་ཐུན་མོང་བཅུ་གསུམ་དང་མི་སྒེར་བཅོ་ལྔར་གཟེངས་བསྟོད་ཐོབ་ཡོད། ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། བྱ་དགའ་ཐོབ་པའི་ཐུན་མོང་གི་འཐུས་ཚབ་དང་མི་སྒེར་ཚང་མའི་སེམས་ལྷོད་ལ་འབབ་མ་ཐུབ། ཚང་མས་བསྟན་དོན། གཟི་བརྗིད་འདི་ལས་འགན་འཁྲི་ལྗིད་མོ་ཞིག་མཚོན་གྱིན་ཡོད།

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་གཟེངས་བསྟོད་ཐོབ་པ་ནི་སྐུལ་ལྕག་ཅིག་ཡིན་པར་མ་ཟད་ཐབས་ཇུས་ཤིག་ཀྱང་རེད། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་མི་དམངས་སྲིད་གཞུང་གི་འགོ་གཙོ་པའོ་དབྱི་ཧྥིན་གྱིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་སྟེང་ངས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་གྲུབ་འབྲས་རླབས་ཆེན་བླངས་པ་རྟོགས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་ཆེད་དུ་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོར་གྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། དཔེ་བཟང་དཔེ་མཚོན་གྱི་དཔེ་སྟོན་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གཙོ་ཐིག་ལ་དམིགས་ནས། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཇེ་དམ་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆ་ཚང་སློབ་འབྲིང་གཉིས་པའི་དགེ་རྒན་གཡང་མོ་སྐྱིད་ཀྱིས་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར། གཟེངས་བརྗིད་ཐོབ་པ་ནི་གཟི་བརྗིད་ཅིག་ཡིན་པར་མ་ཟད་འགན་འཁྲི་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་སྐུལ་མ་ཆེན་པོ་ཐེབས་བྱུང་བས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་འབྲེལ་འདྲིས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལག་བསྟར་མཁན་དང་སྐུལ་སྤེལ་མཁན། སྲུང་སྐྱོབ་མཁན་སྔར་ལས་མང་པོ་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།

ཁྲ་གླིང་དགོན་པ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ནང་ཁུལ་གྱི་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུ་དགུའི་མཚམས་སུ་ཡོད་ལ། མགོ་ལོག་ཞི་བའི་བཅིངས་འགྲོལ་བྱས་པའི་བདེན་དཔང་མཁན་དང་དངོས་བརྒྱུད་མཁན། ཟབ་ཞུགས་མཁན་བཅས་ཡིན་པས། མགོ་ལོག་རྩྭ་ཐང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ངང་རླུང་གིས་བསྐྱོད་ནས་ལོ་བདུན་ཅུ་ལྷག་འཁོར་བའི་ཚུན་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ལ་བདེན་དཔང་བྱས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་འཐུས་ཚབ་པ་དང་། ཁྲ་གླིང་དགོན་པའི་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཇིགས་མེད་རྡོ་རྗེ་ཡིས་བསྟན་དོན། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཚམ་པར་ཁྲིད་སྟོན་བྱེད་ཅིང་།  སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

དྲིན་བསམ་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།

ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་ས་གཞི་འདིར། མི་རིགས་སོ་སོའི་མི་དམངས་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་ཤིག་ཡོད་ལ། དེ་ནི་ཀྲུང་གོ་ཡིན། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་དེ། དེ་ནི་ཀྲུང་ཧྭ་མི་རིགས་ཡིན། ཚང་མས་ཐུན་མོང་གི་མིང་ཞིག་ཡོད་དེ། དེ་ནི་ཀྲུང་གོ་བ་ཡིན། ཚང་མར་ཐུན་མོང་གི་ཕུགས་བསམ་ཞིག་ཡོད་དེ། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བ་དེ་ཡིན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་སེམས་ཉིད་ཡུལ་ཚོ་ཏ་གྲོང་སྡེ་བར་སོང་ཚེ། གྲལ་སྒྲིག་པའི་ཞིང་བའི་ཁང་ཁྱིམ་དང་། ཁ་དོག་སྣ་ལྔའི་རིག་གནས་གྱང་། ཡངས་ཤིང་གྲ་དག་པའི་སྲང་ལམ་བཅས་མཛེས་སྡུག་མཐུན་སྒྲིལ་འཆམ་མཐུན་གྱི་གྲོང་གསེབ་ཀྱི་མཛེས་རིས་མིག་ལམ་དུ་ཤར་ཡོང་། ཏ་གྲོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པའེ་ཀོང་ཚའེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་སྤེལ་དེ་གཞི་འཛིན་ས་བྱས་ཤིང་། སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཡུལ་སྐོར་སྒོ་རྩིས་ཚོང་ཁང་དང་། སྐྱེ་ཁམས་དྲོད་ཁང་། ཆུ་ཐོག་རྩེད་འཇོ་སོགས་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་བཏང་བས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཞིང་སྡེ་དམངས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཡོད། རྗེས་ཕྱོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་བརྩི་སྲུང་བྱེད་ཅིང་། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱེད་པ་དང་། སྡེ་བ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མཐུན་སྒྲིལ་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱུག་འགྱུར་ལམ་ནས་མཉམ་དུ་ལག་རྡང་སྦྲེལ་ཞིང་མི་རིགས་སོ་སོ་ཁྱིམ་ཚང་གཅིག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་བ་བཏོད་དགོས་ཟེར།

ཉེ་བའི་ལོ་འགའི་རིང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧེ་སྲང་ལམ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ཚོང་རྟགས་གསར་གཏོད་བྱས་ཤིང་། མཐུན་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་། སྲང་ལམ་དེའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཞའོ་རུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་། དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་གཞི་རིམ་མི་རིགས་བྱ་བ་ལེགས་པོར་བསྒྲུབ་པར་མདུན་སྐྱོད་ཁ་ཕྱོགས་གསལ་བོར་སྟན་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། གོམ་སྟབས་རྗེས་མར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་སོ་སོའི་སྡོད་དམངས་བར་འགྲོ་འོང་བརྗེ་རེས་འབྲེལ་འདྲིས་བྱེད་པའི་རེ་སྨོན་ལྟར། དམངས་ཀྱི་འདོད་བློ་དང་མཐུན་ཞིང་། དམངས་ཚིས་ལ་ཕན་པ་དང་། དམངས་སེམས་བདེ་བར་བྱེད་པའི་དངོས་དོན་མང་པོ་བསྒྲུབ་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་སྣ་ཚོགས་ཞིབ་ཚགས་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཡུལ་ཚོ་སྐྱ་འཁྱག་སྡེ་བའི་འབྲོག་པ་ཀརྨ་རྡོ་རྗེ་ཡིས་བཤད་རྒྱུར། དུས་རབས་གསར་བའི་བདེ་སྐྱིད་འཚོ་བ་ནི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད། ལོ་ངོ་འདི་དག་གི་རིང་ལ། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་འོག སྡེ་བའི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཐོན་ལས་སྔར་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། སྡེ་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན། དེ་བས་རང་གི་མིག་ལ་གཅེས་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱས་ཏེ། རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་ལེགས་པོ་བྱེད་དགོས་ཟེར།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྩོམ་རིག་དང་གསར་འགྱུར་བརྒྱུད་སྒྲོག་སློབ་གླིང་གི་སློབ་མ་ཁུང་ཧྥན་ཕིན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ཅིང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་ཆེར་བཏང་ནས། མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་ལག་བསྟར་བྱེད་པའི་དུས་རབས་ཀྱི་གདོང་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

སེམས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་ཡར་བརྩོན་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ཡིན་པས། དེར་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཐུན་མོང་གིས་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་དབྱིས་ཁྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བསམ་བློ་གཏིང་ཟབ་ལ་མཐོང་རྒྱ་ཡངས་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་རྒྱུ་ཆ་ཞིག་ཡིན་ཏེ། ང་ཚོས་དུས་རབས་གསར་བའི་མི་རིགས་བྱ་བ་ལེགས་པོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་སྟན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་བྱས་ནས། དངོས་ཡོད་ལ་རྐང་འཛུགས་པ་དང་། བདེན་སྲུང་གསར་གཏོད་བྱེད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དྲིལ་སྒྲོག་སློབ་གསོ་ནུས་ལྡན་སྒོས་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱེད་པ། སྡེ་ཁུལ་གྱི་མཐུན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལེགས་པོ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་མཛའ་མཐུན་ལག་རྡང་སྦྲེལ་ཞིང་ཕན་ཚུན་རོགས་རེས་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བསྐྱོད་ལམ་གསར་བར་སྟོབས་ཤུགས་གསར་བ་བསྣན་ཞིང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་བསྒྱུར་བཀོད་བྱེད་པའི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཅིང་། རང་རྟོགས་སྒོས་ཏང་གི་མི་རིགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་སྐྲུན་བྱ་བ་དེ་གྲངས་ཀའི་ཆ་ནས་སྔོན་ཐོན་ཡིན་པ་ནས་དཔེ་སྟོན་སྣེ་ཁྲིད་ལ་ཚུར་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་མཚོ་ལྷོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་བ་འབད་པས་འབྲི་དགོས་ཟེར།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཝང་ཧུང་གིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་འཛིན་པ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པར་ཤུགས་སྣོན་བྱེད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ལེགས་པོར་འཆད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་དྲིལ་སྒྲོག་སློབ་གསོ་ནུས་ལྡན་སྒོས་སྤེལ་ཞིང་། བྱ་བའི་སྟོབས་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོའི་མང་ཚོགས་རྣམས་ལ་ཁྲིད་སྟོན་བྱས་ནས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་ཚད་མཐོར་འདེགས་བཏང་སྟེ། ཐུན་མོང་གི་གཞི་རྩ་སྲུང་སྐྱོབ་ལེགས་པོ་བྱེད་ཅིང་། ཐུན་མོང་གི་བླ་སྲོག་རྒྱུན་འཛིན་ལེགས་པོ་བྱེད་པ་དང་། རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་འཆར་འགོད་གལ་ཆེན་དེ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས་ཟེར།

ལྷ་མོ་འཚོས་བསྒྱུར།