རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་བྱུང་ཁོར་ཡུག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་བསྐྲུན་པའི་དམིགས་ཡུལ་འགྲུབ་པར་བྱ་རྒྱུ་དེ་རེད།
ཉེ་ལམ། ནང་ཆེན་རྫོང་སྤྲེལ་ཚྭ་ཡུལ་ཚོ་དཔལ་སྨད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇིགས་དབང་དང་མཉམ་དུ་རླངས་འཁོར་ལ་བསྡད་དེ། སྤྲེལ་ཚྭ་ནགས་རའི་འདབས་ཀྱི་ཀྱག་ཀྱོག་གི་ལམ་ཕྲན་སྟེང་སོང་བ་དང་། ལམ་འགྲམ་གྱི་སྡོང་པོས་བསྐོར་བའི་ས་སྟོང་ཆུང་ཆུང་ཞིག་ང་ཚོའི་མིག་ལམ་དུ་མངོན། འཇིགས་དབང་གིས་ངོ་སྤྲོད་བྱ་རྒྱུར།“འདི་གར་རྒྱུན་དུ་སྤྲེའུ་གང་གཱ་རི་ནས་བབས་ཏེ་ཁ་ཟས་འཚོལ་བ་དང་རྩེད་མོ་རྩེ་བར་ཡོང་གིན་ཡོད་ལ། གཞུང་ལམ་དང་ཐག་ཉེ་བས་ཉེན་ཁ་འབྱུང་སྲིད་པར་བརྟེན། ང་ཚོས་ས་གནས་དེ་གར་ཆེད་དུ་ཟས་རིགས་འཕེན་ས་བཀོད་སྒྲིག་བྱས་པ་དང་། དུས་བཅད་ལྟར་ཟས་རིགས་ཕྲན་བུ་རེ་འཕངས་ཏེ། དེ་ཚོའི་ཕོ་བ་མི་ལྟོགས་པ་དང་ཉེན་ཁར་མི་འཕྲད་པར་འགན་ལེན་བྱས་ཡོད།”
སྤྲེལ་ཚྭ་ཡུལ་ཚོ་དཔལ་སྨད་སྡེ་བ་ནི་གདོད་མའི་ནགས་ཚལ་གྱིས་བསྐོར་བ་དང་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཀྱིས་མཚོ་འཕང4000ཙམ་ཡོད་པའི་སྡེ་བ་ཆུང་ཆུང་དེ་སྙན་ངག་དང་རི་མོའི་ཞིང་གྲོང་ཞིག་ཏུ་བཏང་ཡོད། འདི་གར་མི་ལ་སེམས་འགུལ་ཐེབས་ས་ཞིག་ཡོད་པ་ནི་མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དེ་ཡིན་ཞིང་། སྤྲེལ་ཚྭའི་ནགས་རར་གནས་པའི་དཔལ་སྨད་སྡེ་བ་དེ་གནའ་བ་དང་སྤྲེའུ་གང་གཱ་སོགས་རི་སྐྱེས་སྲོག་ཆགས་ཡང་ཡང་རྒྱུ་སའི་ས་ཆར་གྱུར་ཡོད།
ལམ་དེད་ནས་མུ་མཐུད་མདུན་དུ་སོང་བ་དང་ནགས་རི་སྟུག་པོའི་འདབས་ཀྱི་སྤང་ལྗོངས་ཤིག་ཏུ། མི་རྣམས་ཧ་ལས་དགོས་པའི་གནས་ཚུལ་ཞིག་མིག་ལམ་དུ་མངོན། སྤྲེའུ་གང་གཱ་བཅུ་ཕྲག་ཁ་ཤས་ནགས་ཁྲོད་ནས་ཕྱིར་ཐོན་ཏེ། བག་ཕེབས་ངང་རྩྭ་ཐང་དུ་ཉི་འོད་ལ་རོལ་བ་དང་། ལ་ལ་ཁྱུ་དང་ཁྱུ་བྱས་པ་དང་ལ་ལ་རང་ཉིད་གཅིག་པུས་ཉི་འོད་ལོངས་སུ་སྤྱོད་བཞིན་ཡོད་པས། དེ་དག་ལ་བར་ཆད་བཟོ་མ་ཕོད་པར་གཞུང་ལམ་བརྒྱུད་དེ་མུ་མཐུད་ནས་མདུན་དུ་སོང་བ་ན། དཔལ་སྨད་སྡེ་བའི་ས་མཐོ་ཤོས་སུ་སླེབས་ཤིང་། ད་དུང་རླངས་འཁོར་ལས་བབས་མེད་པའི་སྐབས་དེར་གནའ་བ་འགའ་མིག་ལམ་དུ་མངོན།
འཇིགས་དབང་གིས་བཤད་རྒྱུར། གནའ་བ་དང་དཔལ་སྨད་སྡེ་བའི་སྡེ་མི་རྣམས་ནི‘ཁྱིམ་མཚེས’ལྟ་བུ་ཡིན། སྔོན་ཆད་གནའ་བའི་གྲངས་ཀ་དེ་འདྲ་མང་པོ་མེད་པས་དགུན་དུས་སྡེ་མི་ཚོས་རི་མགོ་གངས་ཀྱིས་གཡོགས་པའི་དབང་གིས་གནའ་བས་ཁ་ཟས་མ་རྙེད་པར་སྡེ་བའི་ནང་གཟན་རྩྭ་འཚོལ་བར་ཡོང་བ་མཐོང་སྐབས། དེ་གར་རང་ཁྱིམ་གྱི་ནོར་ལུག་ལ་གཏོར་བའི་གཟན་རྩྭ་ལྷག་ཡོད་པས། གནའ་བ་དག་དུས་རྒྱུན་སྡེ་བའི་ནང་ཐོན་ཡོང་ཟེར།
“སྙིང་ཉེ་བའི་སྲོག་ཆགས”དེ་དག་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད། དཔལ་སྨད་སྡེ་བས་སྐྱེ་ཁམས་བདག་སྐྱོང་པ་རྩ་འཛུགས་བྱས་ནས་ཟླ་རེར་ཉིན20ལྷག་ལ་བསྟུད་མར་རི་སྐོར་བྱེད་ཀྱིན་ཡོད་པ་དང་། དོན་གྲུབ་དཔལ་ལྡན་དང་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་གཞན་དག་གིས་མཉམ་དུ་དེ་གའི་རྩྭ་དང་རྩི་ཤིང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས། དོན་གྲུབ་དཔལ་ལྡན་གྱི་སེམས་ལ་བདེ་སྐྱིད་ཀྱིས་ཁེངས་ཡོད། རྒྱུ་མཚན་ནི་ཁོས་བྱ་བ་དེ་རང་གི་འགན་འཁྲི་རུ་བརྩིས་ཡོད་པར་མ་ཟད། རང་ཉིད་ཀྱི་ནུས་པའི་ལྕོགས་ཚོད་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས་རེད།
ན་ནིང་གི་སྟོན་མཇུག་ཏུ། དོན་གྲུབ་དཔལ་ལྡན་གྱིས་རི་གསེབ་ཏུ་སྐོར་སྲུང་བྱེད་སྐབས་གསའ་ཞིག་མཐོང་། ཁོས་ལག་འཁྱེར་ཁ་པར་བླངས་ནས་པར་མ་བརྒྱབ་གོང་ལ། ཚོར་བ་ཤིན་ཏུ་སྐྱེན་པའི་གསའ་དེ་མཐོང་ལམ་ནས་ཡལ་སོང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་ཀ་ཡང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ལོ་མང་པོའི་རིང་ལ་བརྒྱབ་ཀླུང་བརྒལ་བྱས་པའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པའི་ངོས་ནས། རི་མགོ་གང་ཞིག་ཏུ་གསའ་འགྲོ་འོང་བྱས་མྱོང་བ་དང་། རི་ཁུག་གང་ཞིག་ཏུ་བྱ་ཝང་དཀར་པོ་འགུལ་སྐྱོད་བྱས་པ། ལམ་མཚམས་གང་ཞིག་ནས་སྤྲེའུ་གང་གཱ་ཡོང་སྲིད་པ་བཅས་ནི་ཁོ་ལ་ཤིན་ཏུ་གསལ།
དོན་གྲུབ་དཔལ་ལྡན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། སྡེ་མི་རྣམས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་དང་། མི་དང་རི་སྐྱེས་སྲོག་ཆགས་ཀྱི་ཐུན་མོང་གཞིས་ཁྱིམ་སྲུང་ནས། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་མཐོང་སྐབས་ངས་རང་ཉིད་ཀྱི་བྱ་བའི་རིན་ཐང་ཚོར་བྱུང་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་ཟེར།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།