ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས། ཞིན་ཅང་དང་དཔུང་ཚོགས་ཀྱི་ རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་པ། མང་ཚོགས་བཅས་ཀྱིས་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་བཏང་།
ཚེས7ཉིན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པར་ཞིན་ཅང་དང་དཔུང་ཚོགས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་དང་དཔུང་ཚོགས་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་པོ་འཐུས་ཚང་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོས་ནས་ལག་བསྟར་བྱེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་པ། མངག་བཅོལ་ཆེན་པོ་སྟོང་ཟད་དུ་མི་གཏོང་བ། མཐུན་སྒྲིལ་འབད་འཐབ་དང་གསར་གཏོད་ཡར་བརྩོན་བཅས་བྱས་ནས། དཔུང་ཚོགས་སྔར་ལས་སྟོབས་ལྡན་དང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཞིན་ཅང་འཛུགས་སྐྲུན་དང་། ཞིན་ཅང་གི་ལས་དོན་གྱི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ་ཡིན་ཟེར།
རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནན་ཏན་སྒོས་སློབ་སྦྱོང་བྱས་རྗེས། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། ཧྲི་ཧི་ཙི་སློབ་ཆེན་རྫས་འགྱུར་བཟོ་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའུ་ཀྲི་ཡུང་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས། ཁོས་བཤད་རྒྱུར། དཔུང་ཚོགས་བཙུགས་ནས་ལོ70འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིན་ཅང་དང་དཔུང་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། དཔུང་ཚོགས་ཀྱི་ རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ། མང་ཚོགས་བཅས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཔུང་ཚོགས་ཀྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་ཐུགས་རེ་ཟབ་མོ་གནང་བ་བཅས་མཚོན་ཡོད། དཔུང་ཚོགས་ཀྱི་མི་རབས་གཉིས་པ་ཞིག་ཡིན་པའི་ངོས་ནས། ང་ཚོར་གཟི་བརྗིད་ཚད་མེད་ལྡན་པ་དང་སེམས་ཤུགས་ཚད་མེད་འཕེལ་བྱུང་ཟེར།
རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པའི་ཐ་ལིས་མུའུ་སློབ་ཆེན་སྐྱེད་ཚལ་སྒྱུ་རྩལ་དང་ནགས་ལས་རིག་པའི་སློབ་གླིང་གི་ཡོན་ཀྲང་ཝུའུ་ཚུའེ་ཡུན་གྱིས་བཤད་རྒྱུར། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ལོ་ངོ70ཡི་རིང་། དཔུང་ཚོགས་ཀྱིས“མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་སྐྲུན། གསར་གཏོད་ཡར་བརྩོན”བཅས་ཀྱི་དཔུང་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ཏེ། ཞིན་ཅང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་མཐའ་སྲུང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་ཡོད།
ངས་དཔུང་ཚོགས་ཀྱི་ལོ་ངོ70རིང་གི་རླབས་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྤོབས་པ་སྐྱེ་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག དཔུང་ཚོགས་ཀྱི་ལས་དོན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེ་ནི་ཉམས་མྱོང་རྩ་ཆེན་གྱིས་བློ་སྒོ་ཕྱེ་བ་ཞིག་ཡིན་ལ། མ་འོངས་པར་ཁ་ཕྱོགས་པའི་རྒྱལ་ཁའི་ཐབས་ལམ་ཞིག་ཀྱང་ཡིན།
ཁྲི་ཤོག་དྲུག་པའི་གུང་གཞོན་སྡེ་ཚོགས་ཞིང་རའི་ས་ཞིང་མུའུ་འབུམ་གཅིག་ལྷག་གི་སྲིང་བལ་བསྡུ་བའི་དུས་སུ་སླེབས་ཡོད། ད་ལོ་ལོ57ཡིན་པའི་ལས་བཟོ་བ་ཡོན་ཅ་ཆང་གིས་བཤད་རྒྱུར། ད་ལྟ་དཔུང་ཚོགས་ལ་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། ང་ཚོས་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ཆེན་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། འགག་སྒྲོལ་དཀའ་སེལ་དང་འབད་འཐབ་ལྷོད་མེད་བྱས་ནས། དཔུང་ཚོགས་འཛུགས་སྐྲུན་ལ་བློ་གྲོས་དང་སེམས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།
དཔུང་ཚོགས་ཀྱི་ཁྲི་ཤོག་བཅུ་གཉིས་པའི་ཞིས་ཧྲན་ཞིང་ཕྱུགས་ར་བ་ཨན་ཁང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ལིས་ཀྱིས་བཤད་རྒྱུར། ང་ཚོའི་དུས་ཀྱི་དུས་རབས་གསར་པ་ནི་ལས་སྒྲུབ་ལས་གཏོད་ཀྱི་དུས་རབས་གསར་པ་ཞིག་ཡིན། དཔུང་ཚོགས་ལ་འོད་སྟོང་འབར་བའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ་ལྡན་པས། དཔུང་ཚོགས་ཀྱི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། དཀའ་སྤྱད་སྡུག་རུས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བྱ་བའི་སྤྱོད་ཚུལ་རྒྱུན་འཁྱོངས་དང་། རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། རྩ་འཛུགས་བློ་བདེ་བའི“སྣེ་ཁྲིད་པ”དང་ལས་བཟོ་པ་དང་མང་ཚོགས་ཀྱི“སྲུང་སྐྱོང་མཁན”བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
ཞིན་ཅང་གི་རྒྱུ་ཆ་གསར་པ་ཞིག་གི་ཁེ་ལས་ལག་རྩལ་ལྟེ་གནས་ཚོད་ལྟ་ཚན་ཆུང་གི་ཚན་གཙོ་ཝང་ཧྲུའུ་ཐའོ་ཡིས་བཤད་རྒྱུར། ཞིན་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ང་ཚོའི་ཀུང་སི་དེ2019ལོར་ཁྲི་ཤོག་བཅུ་གསུམ་པའི་ཞིན་ཞིན་གྲོང་ཁྱེར་དུ་བཙུགས། མིག་སྔར་ཀུང་སིའི་ལས་བཟོ་བ་གསུམ་ཆའི་གཉིས་ས་གནས་དེ་ནས་ཡོང་བ་ཡིན་ཞིང་། ཆེད་ཁེ20ཐོབ་ཡོད་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་ཆེ། སྤྱི་ཁྱབ་ཧྲུའུ་ཅིས་དཔུང་ཚོགས་ཀྱིས་མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་ཞིན་ཅང་བརྟན་བརླིང་ཡོང་བར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཤུགས་གཅིག་ཏུ་སྒྲིལ་བ། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་སྔོན་ཐོན་གྱི་རིག་གནས་དཔེ་སྟོན་ཁུལ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་ཞེས་གསལ་སྟོན་གནང་ཡོད། ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཤིང་ངར་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད་པས། ངེས་པར་དུ་གྲུབ་འབྲས་ཆེན་པོ་འཇོག་དགོས་ཟེར།
ཞིན་ཅང་སློབ་ཆེན་ཡུལ་སྐོར་སློབ་གླིང་གི་ཡོན་ཀྲང་གཞོན་པ། དགེ་རྒན་ཆེན་མོ་པེ་དབྱང་གིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསར་སྐྲུན་ཐབས་ལམ་བརྒྱུད་དེ། དཔུང་ཚོགས་ཀྱིས་རང་ངོས་ཀྱི་རིག་གནས་མཉེན་ཤུགས་ཆེ་རུ་བཏང་བར་མ་ཟད། ད་དུང་དཔལ་འབྱོར་གྲུབ་ཚུལ་ལེགས་བཅོས་དང་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། རིག་གནས་ཡུལ་སྐོར་ལས་རིགས་དེ་ལྗང་མདོག་ཐོན་ལས་ཤིག་ཡིན་པའི་ཆ་ནས་དཔུང་ཚོགས་ཀྱི་རིག་གནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་མངོན་འགྱུར་བྱུང་ཡོད། མ་འོངས་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་སྔར་ལས་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་པར་ང་ཚོར་ཡིད་ཆེས་ཡོད་ལ། དཔུང་ཚོགས་ཀྱིས་འོད་སྟོང་འཕྲོ་བའི་ལེའུ་གསར་པ་འབྲི་བར་རམ་འདེགས་བྱེད་ཐུབ་ཟེར།
ཁྲི་ཤོག་བཅུ་པའི་ཐོན185པའི་མཐའ་སྲུང་དམག་མི་མཱ་ཅུན་ཝུའུ་ཡིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལ་སློབ་སྦྱོང་བྱས་རྗེས་མྱོང་ཚོར་ཟབ་མོ་བྱུང་། ཁོས་བཤད་རྒྱུར། བརྟན་བརླིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་སྐྱོང་བྱ་རྒྱུ་ནི་དཔུང་ཚོགས་ཀྱི་ཁྱིམ་སྲུང་འཇོན་ཐང་དང་ཡོད་ཚད་ལས་རྣམ་པར་རྒྱལ་པའི་འོས་འགན་དང་འགན་འཁྲི་ཡིན། ད་ལོ་ནི་སོ་ལྟ་ཁང་དུ་བྱ་བ་སྒྲུབ་ནས་ལོ35འགོར་བའི་ལོ་ཡིན། དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ན་གཞི་ནས་བརྟན་བརླིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ། རྗེས་ཕྱོགས་སྔར་བཞིན་མཐའ་མཚམས་སྲུང་སྐྱོང་བྱས་ཏེ། སྔར་ལས་སྲ་ཞིང་བརྟན་པའི་ནུབ་བྱང་གི་མཐའ་མཚམས་འགོག་སྲུང་འཛིང་རགས་ཤིག་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཁྲི་ཤོག་བདུན་པའི་ཁྲེ་ཕེ་ཙི་གསར་སྦོལ་ཁུལ་སྤྱི་བདེ་ཅུའུ་སུའུ་ཞིན་ཐན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ལ་ལྟ་ཀློག་བྱས། སློབ་སྟོན་པ་གཞོན་པ་དབྱང་ཧུའེ་ཡིས་བཤད་རྒྱུར། དཔུང་ཚོགས་ནི་ཏང་ཀྲུང་དབྱང་གི་ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྔར་ལས་ལེགས་པའི་སྒོ་ནས་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་དོན་སྣ་ཚོགས་ཀྱི་གཙོ་རྐང་དུ་བརྩི་བ། རིགས་སོ་སོའི་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་དེ་གཞི་རྩར་བརྩིས་ནས། རང་འཁྲིའི་ལས་གནས་ཐོག་བྱ་བ་སྔར་ལས་ཡག་པོར་སྒྲུབ་རྒྱུ་ཡིན་ཟེར།
ཁྲི་ཤོག་བཅུ་གཉིས་པའི་ཚོང་དོན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ཕུན་ཡན་གྱིས་ བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་བྱེད་རྒྱུ་ཡིན། ཀྲུང་གོའི་ཆེས་གསར་ཤོས་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས། ཀྲུང་གོའི(ཞིན་ཅང)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཝུའུ་ལུའུ་མུའུ་ཆི་ཡུག་ཁུལ་གྱི་ཁྲི་ཤོག་བཅུ་གཉིས་པའི་བཅད་ཁུལ་གྱིས་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། སྤོབས་པ་ཆེན་པོས་ཚོད་ལྟ་དང་། སྤོབས་པ་ཆེན་པོས་གསར་གཏོད། རང་བརྟེན་བཅོས་སྒྲིག་བཅས་བྱས་ཏེ། ལམ་ལུགས་གསར་སྐྲུན་གྱི་་ གོམ་སྟབས་བརྟན་ཞིང་གསར་སྐྲུན་གྱི་གྲུབ་འབྲས་རྒྱུན་མི་ཆད་པར་ཐོན་པ། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཔུང་ཚོགས་ཀྱི་ལེའུ་ཧུར་ཐག་གིས་འབྲི་བར་སྒུལ་ཤུགས་གསར་པ་སྔར་ལས་ཆེན་པོ་སྣོན་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།