མཛེས་སྡུག་འཚོ་བའི་རེ་སྙེག་མངོན་འགྱུར་བྱུང་།
2024.10.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 5

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་མགོན་པོ་ཚེ་རིང་གིས་བཤད་རྒྱུར། འབྲོག་པ་རྣམས་སྡོད་དམངས་དུ་གྱུར་བ་ནི་འཚོ་གནས་བྱེད་ཡུལ་ཁོ་ན་འགྱུར་བ་མ་ཡིན་པར་འབྲོག་པ་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་ཀྱང་འགྱུར་ལྡོག་བྱུང་ཡོད་པས། འདིའི་བརྒྱུད་རིམ་ཁྲོད་ཀྱི་མང་པོ་ཞིག་གོམས་ལོབས་སུ་འགྱུར་དཀའ་བར་བརྟེན། ང་ཚོས་སྣེ་སྟོན་དང་རོགས་རམ་བྱེད་དགོས་ཟེར།

2018ལོའི་ཟླ11པར་ཨ་མདོ་དམངས་སྲོལ་སྡེ་ཁུལ་བཙུགས་ནས་ལེགས་འགྲུབ་བྱུང་བ་དང་། ཐོག་མར་ཞིན་ཧེ་རྫོང་གི་གནས་སྤོས་དབུལ་སྐྱོར་གྱི་གཅིག་འདུས་བདེ་སྡོད་ཁུལ་རེད། མིག་སྔར། ཞིན་ཧེ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་བདུན་དང་སྡེ་བ་ཞེ་བརྒྱད་ཀྱི་ཁྱིམ་ཚང་བརྒྱད་བརྒྱ་ལྔ་གསུམ་དང་མི་སུམ་སྟོང་བཞི་བརྒྱ་ཉེར་གཅིག་འདུས་སྡོད་བྱས་ཡོད། 

ཟླ9པའི་ཚེས12ཉིན། སྡོད་དམངས་འགའ་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་དམངས་བདེ་ཞབས་ཞུའི་ལྟེ་གནས་སུ་ཡོང་ནས་ལས་རིགས་ལག་རྩལ་གསབ་སྦྱོང་འཛིན་གྲྭ་བསྡུ་བའི་བཀོད་སྒྲིག་སྐོར་བློ་འདྲི་བྱས་པ་དང་། སྡེ་ཁུལ་གྱི་ལས་བཟོ་པ་སྒྲོལ་མས་སུན་སྣང་མེད་པར་ཁོ་ཚོར་ལན་གསལ་བོ་བཏབ། མགོན་པོ་ཚེ་རིང་གིས་བཤད་རྒྱུར། མཁར་གྲོང་ནས་འཚོ་བ་རོལ་ཚེ། འཚོ་ཚིས་ནི་མང་ཚོགས་ཀྱི་དོན་དག་གལ་ཆེན་ཡིན་ལ། སྡེ་ཁུལ་གྱི་བྱ་བ་གཙོ་བོའི་གྲས་ཀྱང་ཡིན། ཁྱིམ་ཚང་མང་པོར་རྩྭ་ས་གླས་པའི་ཡོང་སྒོ་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་འབད་བརྩོན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རིན་ཐང་མངོན་འགྱུར་བྱེད་འདོད་ཡོད་ལ། ལྷག་པར་དུ་ན་གཞོན་རྣམས་ཀྱིས་བྱ་གཞག་གང་མང་ཞིག་དོན་གཉེར་བྱེད་འདོད་ཡོད།

དེར་བརྟེན། སྡེ་ཁུལ་གྱིས་ཏང་འཛུགས་ཀྱི་འགོ་ཁྲིད་འོག ཐོན་ལས་དང་ལས་ཞུགས། སྡེ་ལས་བཅས་ལས་རིགས་གསུམ་གཅིག་འདོམས་རྣམ་པ་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་སྡེ་ཁུལ་ལྟེ་བའི་ཚོང་ལས་ཁུལ་བསྐྲུན་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་བརྒྱ་དང་ཉི་ཤུ་ཁུ་བསྡུ་བྱས་ནས་ལས་ཞུགས་བྱས་ལ། ལས་གཏོད་ཀྱི་འདུན་པ་ཡོད་པའི་སྡོད་དམངས་བཅུ་བཞིས་སྡེ་ཁུལ་གྱི་ལྟེ་བའི་ཚོང་ལས་ཁུལ་དུ་ཁང་བ་གླས་ནས་ལས་གཏོད་བྱེད་པར་སྐུལ་མ་བཏང་། ཙག་དྲུབས་དང་གཡོས་སྦྱོར། རླངས་འཁོར་ཞིག་གསོ་སོགས་ལས་རིགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས་བཞི་དང་འཛིན་གྲྭ་བཅུ་དྲུག   སློབ་མ་བདུན་བརྒྱ་དགུ་བཅུ་ལྷག་བཅས་ཡོད་པས། ལས་ཞུགས་མི་ཐེངས་སྟོང་གཉིས་དང་བཅུ་གཅིག་དང་ལས་ཞུགས་བརྟན་པོའི་མི་ཐེངས་ཉིས་བརྒྱ་ཉེར་བདུན་ཡོད། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དགུ་དང་ཁྲི་ལྔ་བཏང་ནས་ཞིན་ཧེ་རྫོང་གི་བོད་སྨན་འདུལ་སྦྱོང་དང་ཁ་ཐུམ། ཁྱད་ཐོན་དངོས་རྫས་ཀྱི་ལས་རིམ་ཐོག་མའི་ལས་སྣོན་སོགས་དབུལ་སྐྱོར་བཟོ་ཁང་གསུམ་བཙུགས་ནས་ལེགས་འགྲུབ་བྱུང་བ་དང་། དེར་ངལ་རྩོལ་བ་ཉེར་ལྔ་ཁུ་བསྡུ་བྱས་ཤིང་། ལོ་རེར་མི་རེའི་ཡོང་འབབ་སྒོར་ཁྲི་གཉིས་ཡན་འཕར་སྣོན་བྱུང་ཡོད།

བློ་འདྲི་བྱེད་པར་ཡོང་བའི་སྡོད་དམངས་ཤིག་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར།   བསོད་ནམས་རྒྱལ་མཚན་གྱིས་མཛེས་བཟོ་དང་མཛེས་རྒྱན་སྤྲས་ཚུལ་གྱི་གསོ་སྦྱོང་བྱས་རྗེས། མཛེས་བཟོ་མཛེས་རྒྱན་གྱི་ལས་གཞི་དང་ལེན་བྱས་པ་རེད། ཁོའི་ཡོང་སྒོ་མི་བཟང་རྒྱུ་མེད་ཀི། ཁང་བ་གཅིག་ལ་མཛེས་བཟོ་བྱས་ནས་སྒོར་སྟོང་གཅིག་ལྷག་ལེན་ཀྱིན་འདུག  ང་ཚོས་ཀྱང་ལག་རྩལ་སྦྱངས་ནས་ཡོང་འབབ་བླངས་ན་འདོད་ཀི་ཟེར།  གནས་སྤོས་ཀྱི་འཚོ་བར་འགྱུར་ལྡོག་ཆེ་བས། ཁོ་ཚོར་ཚོར་བ་འདྲ་མིན་སྣ་ཚོགས་སྐྱེ་བཞིན་ཡོད།  ལ་ལས་བཤད་ན། གཏན་སྡོད་བྱས་རྗེས་སུ་ཉིན་རྒྱུན་ཁྱིམ་ལ་གཙང་སྦྲ་བྱེད་པ་དང་། གད་སྙིགས་བླུགས་སར་སོང་ནས་གད་སྙིགས་འཕེན་ཞིང་རླངས་འཁོར་འཇོག་སར་གོ་རིམ་ལྡན་པའི་ངང་རླངས་འཁོར་འཇོག་པའི་གོམས་གཤིས་ཆགས་སོང་ཟེར། ཡང་ལ་ལས་བཤད་ན། སྡེ་ཁུལ་གྱིས་དཔེ་ཀློག་དང་སྒྲོག་འགྲེལ། ལུས་རྩལ་འགྲན་སྡུར་སོགས་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་བས།  འཚོ་བ་སྐྱིད་སྣང་ལྡན་པ་ཞིག་ཏུ་གྱུར་འདུག་ཟེར། ད་དུང་ལ་ལས་བཤད་ན། ཏང་ཡོན་ལས་བྱེད་པ་དང་དོ་དམ་པས་ནམ་རྒྱུན་སྡེ་ཁུལ་ལ་ཞབས་འདེགས་ཞུས་ནས་ཚང་མའི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་པ་དང་། འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་རྣམས་ལ་ལྷག་པར་སེམས་ཁུར་བྱས་ཏེ། དུས་ནམ་ཡིན་ཡང་དོན་དག་ཅི་ཞིག་ཡིན་རུང་དོ་སྣང་བྱེད་མཁན་ཡོད་པ་རེད་ཟེར།

མགོན་པོ་ཚེ་རིང་གིས་ངོ་སྤྲོད་བྱས་རྒྱུར། ད་ལོའི་ཟླ8པའི་བར། སྡེ་ཁུལ་གྱི་ཏང་ཡོན་རྣམས་ཀྱིས་ཁྱིམ་དོན་ཟིན་ཐོ་དང་དོན་དག་ཡོད་ན་གྲོས་མོལ་བྱེད་པའི་ཐབས་ལམ་བརྒྱུད་དེ། མང་ཚོགས་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན་བརྒྱ་དང་དོན་བདུན་ཕྱིར་བསྡུ་དང་ལེགས་སྒྲིག་བྱས་ཤིང་། དོན་དག་བརྒྱ་དང་རེ་གཅིག་ལ་ལན་བཏབ་ནས་ཐག་གཅོད་བྱས་པ་དང་། ཁྱིམ་མཚེས་བར་གྱི་འགལ་བ་ཁག་གྱ་བདུན་སེལ་ཐབས་བྱས་ནས། བཅོས་སྐྱོང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་། མང་ཚོགས་ཀྱིས་དོན་དག་ཡོད་ན་ཏང་ཡོན་དང་སྡེ་ཁུལ་བཙལ་བའི་གོམས་གཤིས་ཆགས་པས་ཁོ་ཚོ་ནི་གྲོང་ཁྱེར་ནང་གི་གཉེན་ཉེ་ལྟ་བུར་བརྩིས་ཡོད།

ཞིན་ཧེ་རྫོང་གི་ཏང་འཛུགས་ཁྲིད་སྟོན་གྱི་གནས་སྤོ་བདེ་འགོད་ས་ཚིགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཇུས་གཞི་དང་། ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་ཁུལ་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས། ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་སྡེ་ཁུལ་གྱི་འབྲེལ་གཏུག་པའི་བྱ་བའི་ལས་འགན་བཅས་དོན་འཁྱོལ་ཟབ་མོ་བྱས་པ་དང་བསྟུན་ནས། ཞིན་ཧེ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་གཞོན་པ་བདུན་སྡེ་ཁུལ་གྱི་འབྲེལ་གཏུག་པ་བྱས་པ་དང་། རྩ་འཛུགས་དང་དྲིལ་སྒྲོག སྲིད་ཁྲིམས་དང་མི་དོན། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་སྟོབས་ཤུགས་གཅིག་འདོམས་བྱས་ཏེ། རྩ་འཛུགས་ཀྱི་སྣེ་ཁྲིད་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱིས་གཞོགས་འདེགས་བྱེད་པ། སྡེ་ཁག་གི་མཉམ་སྡེབ་བྱེད་པ། སྡེ་ཁུལ་གྱིས་དོན་འཁྱོལ་བྱེད་པ་བཅས་ཀྱི་རིམ་པ་བཞིའི་མཉམ་འགུལ་རྐྱེན་སྲོལ་བཙུགས། མཉམ་འབྲེལ་གསུམ་དང་བཅོས་སྐྱོང་གསུམ། འབུར་ཐོན་གསུམ་བཅས་གཞི་རིམ་བཅོས་སྐྱོང་གི་ཞིན་ཧེའི་བྱེད་ཐབས་གསར་བ་ལག་བསྟར་བྱས་ནས། སྡོད་དམངས་ཀྱི་སྤྱི་གྲོས་དང་དམངས་གཙོའི་གཞུང་དོན་གྲོས་མོལ་སོགས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། ཏང་ཡོན་དང་རྒྱུན་སྡོད་སྡོད་དམངས་རྣམས་ཀྱིས་དང་བླངས་ཞབས་ཞུ་བྱ་བའི་འགན་ཁུར་བར་སྐུལ་སློང་བྱས་ཏེ། དུས་ལྟར་ཁོར་ཡུག་གཙང་སྦྲ་ལེགས་བཅོས་དང་འགལ་བ་རྩོད་གཞི་སེལ་བ། བདེ་སྐྱོང་མཉམ་འགོག་སྐོར་ཞིབ་སོགས་ཀྱི་བྱ་འགུལ་སྤེལ། ཏང་ཡོན་ལས་བྱེད་ཡོངས་ཀྱི་འབད་བརྩོན་འོག སྡེ་ཁུལ་གྱི་ཁོར་ཡུག་གཙང་སྦྲ་གྲ་དག་བྱས་པས། མི་དམངས་མང་ཚོགས་བདེ་བར་གནས་ཤིང་ལས་ལ་བརྩོན་པ་དང་། ས་གཞན་དུ་གནས་སྤོ་བའི་མང་ཚོགས་རྣམས་ཀྱི་གནས་སྤོར་ཐུབ་པ་དང་། བརྟན་སྡོད་བྱེད་ཐུབ་པ། ཕྱུག་པོར་ཆགས་ཐུབ་པའི་རེ་འདུན་མངོན་འགྱུར་བྱུང་བར་མ་ཟད། ད་དུང་སྔར་མེད་པའི་བདེ་སྐྱིད་འཚོ་བའི་རེ་སྙེག་མང་པོ་མངོན་འགྱུར་བྱུང་ཡོད། 

ལྷ་མོ་འཚོས་བསྒྱུར།