ཟླ10པའི་ཚེས5ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་དུང་དཀར་སྡེ་ཁུལ་དུ་སོང་ཚེ། རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་རྣམ་པ་ཞིག་མིག་ལམ་དུ་ཤར་ཡོང་། ཆེས་མིག་དབང་འཕྲོག་པ་ནི་སྡེ་ཁུལ་གྱི་ཁྱིམ་ཚང་རེ་རེའི་སྒོ་རའི་ནང་གི་ལྷབ་ལྷུབ་བསྐྱོད་པའི་སྐར་ལྔའི་དར་དམར་དེ་རེད། སྐར་ལྔའི་དར་དམར་དེར་སྟོན་རླུང་གིས་དལ་བུར་བྱིལ་བྱིལ་བྱས་ནས་ལྷབ་ལྷུབ་གཡུགས་བཞིན་ཡོད་ལ། དེ་ནི་མང་ཚོགས་ཀྱིས་འཚོ་བ་གསར་བར་བཅངས་པའི་རེ་སྨོན་བརྗོད་པ་དང་འདྲ་ཞིང་། མང་ཚོགས་རྣམས་ཀྱིས་བསྐྱོད་ལམ་གསར་བའི་སྟེང་གོམ་སྟབས་ཆེན་པོས་མདུན་བསྐྱོད་བྱེད་པའི་འབད་འཐབ་ཡར་བརྩོན་གྱི་སྙིང་སྟོབས་ཀྱི་མཚོན་རྟགས་ལྟ་བུར་མཚུངས།
ཨར་འདམ་གྱི་བགྲོད་ལམ་དེ་ཁྱིམ་ཚང་རེ་རེའི་སྒོ་མདུན་དུ་སྦྲེལ་ཞིང་། ལམ་ངོས་ཧ་ཅང་གྲ་དག་ཡིན་པས། སྟོན་དུས་ཀྱི་ཉི་འོད་འཇམ་པོའི་འོག་འོད་ལམ་ལམ་འཚེར་བཞིན་འདུག
ཁྱིམ་ཚང་གང་རུང་ཞིག་གི་ཁྱིམ་ལ་སོང་ཚེ། དུ་དྲི་སྟུག་པོ་ཞིག་སྣ་ལམ་དུ་འཐུལ་ཡོང་། རྒན་པ་རྣམས་ཀྱིས་ཉལ་གདན་སྲབ་མོ་ཞིག་གྱོན་ནས་སྒོ་རའི་ནང་དུ་ཉི་མར་ལྡེ་ནས་བསྡད་ཡོད་ཅིང་། ཁོ་ཚོའི་གདོང་ལ་སྐྱིད་སྣང་གིས་ཁེངས་འདུག ཁྱིམ་གྱི་སྐྱེས་མ་ཚོས་ཟངས་ངའི་ནང་དུ་ལྷོག་ལྷོག་གདུ་བཞིན་པའི་ལུག་ཤའི་ཁུ་བར་ལྟ་ཞོར་བོད་ལྭ་འཚེམ་པར་བྲེལ་བཞིན་འདུག བྱིས་པ་རྣམས་ཀྱིས་སྐོར་དང་སྐོར་བྱས་ནས་རྩེད་མོ་རྩེ་བཞིན་ཡོད་ལ། ཁོ་ཚོའི་དགོད་སྒྲ་སྡེ་ཁུལ་ཡོངས་ལ་ཁྱབ་ཅིང་། དགོད་སྒྲ་དེ་དར་དམར་ལྷབ་ལྷུབ་བསྐྱོད་པའི་སྒྲ་དང་འདྲེས་ནས་དུང་དཀར་སྡེ་ཁུལ་ཁོ་ནར་དབང་བའི་བདེ་སྐྱིད་ཀྱི་རོལ་དབྱངས་ཚན་པ་ཞིག་བརྩམས་ཡོད།
ས་ཁུལ་འདིའི་ཡུལ་ལྗོངས་དང་དངོས་པོ་གང་ཞིག་ཡིན་རུང་། ཏང་དང་སྲིད་གཞུང་གི་ས་གནས་གཞན་དུ་གནས་སྤོ་བའི་སྲིད་ཇུས་ལ་བརྟེན་ནས་འགྱུར་ལྡོག་ཆེན་པོ་བྱུང་བའི་རྣམ་པ་མཚོན་ཡོད་ལ། མང་ཚོགས་རྣམས་གོམ་སྟབས་ཆེན་པོས་བསྐྱོད་ལམ་གསར་བར་བགྲོད་པའི་གོམ་སྟབས་བརྟན་པོ་དང་མ་འོངས་པའི་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་མཚོན་ཡོད།
སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པཎ་ཆེན་སྐྱབས་ཀྱི་རྗེས་འབྲངས་ནས་ཟླ་དགུ་པའི་ཟླ་མཇུག་ལ་ལེགས་འགྲུབ་རྩིས་སྤྲོད་བྱས་པའི་བྱིས་བཅོལ་ཁང་དུ་སོང་ཞིང་། དེ་ནི་ཐོག་བརྩེགས་རིམ་པ་གསུམ་ཅན་གྱི་འཛུགས་སྐྲུན་གསར་བ་ཞིག་ཡིན་ལ། ཁང་བར་གསལ་ཆ་ལྡན་ཞིང་བརྗིད་ཉམས་ལྡན་པ་ཞིག་ཏུ་སྣང་། ཁོ་སྤྲོ་བས་ཁེངས་ནས་བཤད་རྒྱུར། སང་ལོ་བྱིས་བཅོལ་ཁང་འདི་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་ཡིན། སྡེ་ཁུལ་དུ་སློབ་ན་མ་སོན་པའི་བྱིས་པ་མང་པོ་ཞིག་ཡོད་ལ། ཁོ་ཚོའི་ཕ་མ་མང་པོ་ཞིག་ཕྱི་རུ་ལས་ཀར་བུད་སོང་བས་བྱིས་པར་བདག་སྐྱོང་བྱེད་ཁོམ་མི་འདུག བྱིས་བཅོལ་ཁང་གིས་ལྟ་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས་ནས། བྱིས་པ་ཚོར་བདེ་འཇགས་ཡིན་ལ་བག་ཕེབས་ཡིན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ། བྱིས་བཅོལ་ཁང་དུ་ཆེད་ལས་ཅན་གྱི་ལྟ་སྐྱོང་མི་སྣ་ཡོད་པས། ཁོ་ཚོས་བྱིས་པའི་རྒྱུན་ལྡན་འཚོ་བར་བདག་སྐྱོང་གང་ལེགས་བྱས་ནས་དུས་རིམ་གང་ཡིན་རུང་ཧ་རི་ཧུ་རི་བྱེད་མི་སྲིད། ད་དུང་བྱིས་པར་འཚམ་པའི་རྩེད་ཆས་དང་རི་མོ་འབྲི་དེབ་སོགས་གྲ་སྒྲིག་བྱས་ཏེ། ཕ་མར་སྒུག་པའི་དུས་སྐབས་སུ་བྱིས་པ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་འབྱུང་ཅི་ཐུབ་བྱེད་སྲིད་ཟེར། འདིའང་སྡེ་ཁུལ་གྱིས་གོམ་སྟབས་ཆེན་པོས་བསྐྱོད་ལམ་གསར་བར་བསྐྱོད་པའི་བརྒྱུད་རིམ་ཁྲོད། མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་། སྡོད་དམངས་ཀྱིས་སེམས་ཁུར་བྱེད་པའི་དོན་དག་ཐག་གཅོད་པའི་ཐད་འབད་པ་བྱས་ནས། ཁྱིམ་ཚང་རེ་རེས་སྡེ་ཁུལ་གྱི་དྲོད་འཁོལ་དང་ཐུགས་ཁུར་ཚོར་བར་རེ་བ་བྱེད་ཀྱིན་ཡོད།
པཎ་ཆེན་སྐྱབས་ཀྱིས་ལོ་འགའི་སྔོན་ལ་རྩེ་ཁོག་རྫོང་གི་རྩྭ་སའི་རྒྱ་ཁྱོན་ཆུང་ཞིང་། ངལ་རྩོལ་ནུས་ཤུགས་མི་འདང་ལ། གཞིས་སྡོད་ཆ་རྐྱེན་ཞན་པ་དང་ཡོང་འབབ་དམའ་བའི་ཡུལ་ཚོ་དང་གྲོང་རྡལ་གྱི་ཁྱིམ་ཚང་བཞི་དང་སྲིད་འཛིན་སྡེ་བ་བཅོ་ལྔ། འབྲོག་ཁྱིམ་བདུན་བརྒྱ་བཅུ་གསུམ་རྫོང་མཁར་དང་བར་ཐག་སྤྱི་ལེ་གཅིག་དང་གྲངས་ཆུང་ལྔ་ཡོད་པའི་དུང་དཀར་སྡེ་ཁུལ་དུ་གཅིག་སྡུད་ཀྱིས་བདེ་འགོད་བྱས་པར་མ་ཟད། སྡེ་ཁུལ་གྱི་ཏང་ཀྲི་པུའུ་སྲོག་ཤིང་དུ་བརྩིས་ཤིང་། ཏང་རྩ་འཛུགས་དེ་རྨང་གཞི་བྱས་པ་དང་། འབྲོག་པ་ཏང་ཡོན་རྣམས་གཙོ་བོར་འཛིན་པའི་སྡེ་ཁུལ་དོ་དམ་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ཏེ། གནས་སྤོར་འབྲོག་པ་མང་ཚོགས་རྣམས་རྩྭ་ཐང་ནས་མཁར་གྲོང་ལ་སྤར་བ་དང་། སྦྲ་གུར་ནས་ཁང་བའི་ནང་དུ་སྤར་བ། འབྲོག་པ་ནས་སྡོད་དམངས་ལ་འགྱུར་བ་བཅས་འགྱུར་ལྡོག་གསུམ་གྱི་འཚོ་བར་རིམ་གྱིས་གོམས་པར་རོགས་ཤུགས་བཏོན་ཟེར།
གནས་སྤོར་བྱས་པའི་སྡེ་བ་བཅོ་ལྔ་དེ་བཀོད་སྒྲིག་ཁུལ་བཅོ་ལྔར་དབྱེ་ཞིང་། མང་ཚོགས་ཁྲོད་ནས་བཀོད་སྒྲིག་བྱེད་མཁན་བཅོ་ལྔ་བདམས་པ་དང་། དང་བླངས་ཞབས་ཞུའི་རུ་ཁག་གཅིག་སྒྲིག་འཛུགས་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བར་སྟབས་བདེ་གང་མང་བསྐྲུན། མང་ཚོགས་ལ་གནད་དོན་དང་དྲི་བ་ཡོད་ན་དུས་ཐོག་ཏུ་བཀོད་སྒྲིག་བྱེད་མཁན་དང་དང་བླངས་ཞབས་ཞུ་རུ་ཁག་ལ་བཤད་ཆོག་པ་དང་། དེའི་རྗེས་ཁོ་ཚོས་སྡེ་ཁུལ་ལ་སྤྲད་ནས་ཐག་གཅོད་བྱེད་པ་རེད།
པཎ་ཆེན་སྐྱབས་ཀྱིས་བཤད་རྒྱུར། ཁྱེད་ཅག་གིས་ལྟོས་དང་། ད་སྐབས་གནས་འདིར་སྡེ་ཁུལ་ཞབས་ཞུ་ལྟེ་གནས་དང་། རྒྱ་ཆེ་བའི་རིག་གནས་ལུས་རྩལ་ཐང་ཆེན། སྒྲིག་བཀོད་ཁ་ཚང་བའི་བྱིས་སྐྱོང་ཁང་། སྤྱི་བའི་གསང་སྤྱོད་ཁང་། ཚད་ལྡན་གྱི་གད་སྙིགས་་ས་ཚིགས། སྒྲིག་བཀོད་འཐུང་ཚང་ཡིན་པའི་འཕྲོད་བསྟེན་ཁང་། དགེ་རྒན་གྱི་ཐོན་ཁུངས་ལེགས་པའི་སློབ་གྲྭ། བདེ་འཇགས་འགན་སྲུང་གི་ཉེན་བརྡ་ཁང་སོགས་བཀོད་སྒྲིག་བྱས་ཡོད་ལ། སྒྲིག་བཀོད་འདི་དག་གིས་འབྲོག་པ་མང་ཚོགས་ཀྱི་རྩ་བའི་འཚོ་བའི་དགོས་མཁོ་བསྐངས་ཡོད། ད་བར་རྒན་པ་སྨན་ཁང་ལ་འགྲོ་དུས་སྔོན་ཆད་ལྟར་འདུར་རྒྱུག་བྱེད་མི་དགོས་ཤིང་། བྱིས་པ་ཁྱིམ་དང་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་ཐུབ་པ་དང་། ན་གཞོན་རྣམས་ཀྱི་ལས་ཞུགས་སྔར་ལས་ལྡབ་འགྱུར་གྱིས་སྟབས་བདེར་གྱུར་ཡོད་ཟེར།
བཀོད་སྒྲིག་བྱེད་མཁན་ཚེ་རིང་གིས་སྡེ་ཁུལ་ནང་དུ་གད་སྙིགས་ཡོད་མེད་ལ་ཞིབ་བཤེར་བྱེད་ཞོར་བཤད་རྒྱུར། བཀོད་སྒྲིག་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངས་རང་གི་འགན་འཁྲི་ལྕི་བ་གསལ་བོར་ཤེས་ཡོད། ངས་ཚང་མས་གད་སྙིགས་རིགས་དབྱེ་བྱེད་པ་དང་ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱེད་པར་ལྟ་རྟོག་བྱེད་སྲིད་ལ། ད་དུང་དུས་ལྟར་སྡེ་ཁུལ་ནང་གི་མེ་འགོག་མེ་གསོད་སྒྲིག་ཆས་ཆག་སྐྱོན་བྱུང་མིན་ལ་ཞིབ་བཤེར་བྱས་ཏེ། མང་ཚོགས་རྣམས་ལ་མེ་འགོག་དང་མགོ་སྐོར་འགོག་པ་སོགས་ཀྱི་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱེད་ངེས་ཡིན། དེ་ལས་གཞན། ངས་དུས་ལྟར་ཁེར་འདུག་བྱས་པའི་རྒན་རྒོན་ཚོར་འཚམས་འདྲི་བྱས་ནས། ཁོ་ཚོར་འཚོ་བའི་ཡོ་བྱད་ཉོ་རོགས་བྱེད་པ་དང་། ཁོ་ཚོའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་རྒྱུས་ལོན་བྱས་ཏེ། དུས་ལྟར་འཕྲོད་བསྟེན་ཁང་གི་སྨན་པར་འབྲེལ་གཏུག་བྱས་ནས་རྒན་པར་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཚེ་རིང་ལྟ་བུའི་སྡེ་ཁུལ་གྱི་བཀོད་སྒྲིག་བྱེད་མཁན་མང་པོས་ལྷག་བསམ་རྣམ་དག་གིས་བྱ་བ་སྣ་ཚོགས་བསྒྲུབ་ནས་སྡེ་ཁུལ་གྱི་གྲུ་ཟུར་རེ་རེར་དྲོད་ཀྱིས་ཁེངས་བར་བྱས་ཤིང་། མང་ཚོགས་རེ་རེས་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོ་འདིའི་བརྩེ་བ་ཚོར་ཐུབ་པར་བྱས། ཚེ་རིང་གིས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་ང་ཚོར་འཚོ་བའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་པོ་འདོན་སྤྲོད་བྱས་པས། ངས་བཀའ་དྲིན་སེམས་ལ་ཉར་ཞིང་། རང་གི་འབད་བརྩོན་བརྒྱུད་ནས་སྡེ་ཁུལ་གྱི་འཕེལ་རྒྱས་དང་སྡོད་དམངས་ཀྱི་བདེ་སྐྱིད་འཚོ་བར་སྟོབས་ཤུགས་མང་པོ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
མང་ཚོགས་རྣམས་གནས་སྤོར་ཐུབ་པ་དང་། བརྟན་པོར་གནས་ཐུབ་པ། དོ་དམ་བཟང་པོ་བྱེད་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ལ་ཁག་ཐེག་བྱེད་ཆེད། དུང་དཀར་སྡེ་ཁུལ་གྱིས་ཆེད་ལས་དགེ་རྒན་གདན་ཞུ་བྱས་ནས་ས་གནས་དེའི་སྐྱེས་མ་ཚོར་ཙག་དྲུབས་ལག་ཤེས་བཟོ་རྩལ་སྐོར་ཁྲིད་པ་དང་། སྐྱེས་མ་མང་པོར་ཙག་དྲུབས་ཀྱི་རྨང་གཞི་དང་དགའ་ཕྱོགས་ཡོད་པས། ཆེད་ལས་དགེ་རྒན་གྱིས་མཛུབ་སྟོན་བྱས་པ་བརྒྱུད། ཙག་དྲུབས་ནུས་པ་ཇེ་མཐོར་ཕྱིན་པར་མ་ཟད་མི་རིགས་རིག་གནས་དར་སྤེལ་བཏང་ཡོད་ལ། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། སྐྱེས་མ་ཚོས་རང་གི་ལག་པར་བརྟེན་ནས་བདེ་སྐྱིད་འཚོ་བའི་མཛེས་རིས་བྲིས་ཡོད།
ཁྱིམ་གཞིས་གསར་བར་གནས་སྤར་ནས་ཏང་གི་བཀའ་དྲིན་བརྗོད་མི་ཚར། ད་སྐབས་དུང་དཀར་སྡེ་ཁུལ་གྱི་མང་ཚོགས་རྣམས་ཀྱིས་ཏང་གི་བཀའ་དྲིན་གྱིས་ཁོ་ཚོ་སྔར་གྱི་དཀའ་ཁག་ལས་རྒྱལ་ཏེ་རེ་བས་ཁེངས་པའི་འཚོ་བ་གསར་བའི་ཕྱོགས་སུ་གོམ་པ་སྤོས་ཡོད། བཀའ་དྲིན་འདི་ཉི་འོད་བཞིན་ནམ་ཡང་ཁོང་ཅག་གི་སེམས་ཁོང་དུ་འོད་ལམ་ལམ་དུ་འཚེར་ཞིང་། ཁོ་ཚོ་འབད་པ་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་ལྕག་གཏོང་བཞིན་ཡོད་པ་གསལ་བོར་རྟོགས་ཡོད།
ལྷ་མོ་འཚོས་བསྒྱུར།