མཐོ་ཡུལ་མ་ཡུལ་ཚོས་དམངས་སྲིད་ལ་ཤུགས་བསྣན་ཏེ་གྲོང་གསེབ་དར་སྤེལ་བཏང་།  
2024.10.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

 2024ལོའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་མཐོ་ཡུལ་མ་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་དངོས་སྒྲུབ་ཁག་ཁུར་ལ་ཤུགས་བསྣན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི“ལས་བྱེད་པས་བསྒྲུབ་དགོས་པ་དང་།  བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་ལེན་ནན་ཏན་བྱེད་པ། མང་ཚོགས་ཀྱི“བྲེལ་དཀའ་སྡུག་སྨོན”བཞིའི་གནད་དོན་ལ་དམིགས་པ། དམངས་ཕན་གྱི་བྲེ་བྲག་བྱ་བ་སྒྲུབ་པ་དང་སྟོབས་ཤུགས་གནད་འཁེལ་འདོན་པའི་བྱ་བའི་སྒྲུབ་སྟངས་རྒྱུན་འཁྱོངས་བྱེད་པ། ཞབས་ཞུ་སྒྲུབ་ཐབས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། དམངས་སྲིད་ལས་དོན་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་ཞིབ་ཚགས་ཡོང་བར་ཁག་ཐེག་བྱས།

དགོས་མཁོར་དམིགས་ནས་སྤུས་ཚད་མཐོ་རུ་བཏང་སྟེ་དམངས་འཚོའི་བྱ་བ་སྔར་ལས་གནད་དུ་ཁེལ་བར་བྱས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་གཙོ་གནད་དུ་འཛིན་པ་དང་། ཡུལ་ཚོ་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལས་སྒྲུབ་མཁན4དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི30ཐོ་འགོད་སྙན་སེང་བྱས་ཏེ། “ངོ་སོའི་མ་མཐའི་འཚོ་བའི་འགན་སྲུང”དང“འབྲེལ་བའི་ཁྱིམ་ཚང”དེ་མིན་གཉེན་ཉེ་དང་གྲོགས་པོའི་མཛའ་བརྩེའི་གནད་དོན་འབྱུང་རྩ་ནས་སྔོན་འགོག་དང་བཅོས་སྐྱོང་བྱས། ཏང་སྲིད་ཚན་ཆུང་གི་ཁོངས་མི་དང་། དམངས་སྲིད་ལས་བྱེད་པ།  སྡེ་སྡོད་བྱ་བའི་རུ་ཁག་སོགས་རྩ་འཛུགས་བྱས་ཏེ“སློབ་སྦྱོང་གསུམ་གྱི་སློབ་ཁྲིད”དང“སྡེ་བར་བཅའ་སྡོད་ཀྱི་གསོ་སྦྱོང་ཉིན་མོ”སོགས་ཀྱི་རྣམ་པའི་ཐོག་ནས། དམངས་སྲིད་ཁྱབ་ཁོངས་ཀྱི་སྲིད་ཇུས་ཡིག་ཆར་སློབ་སྦྱོང་ནན་ཏན་བྱེད་པ་དང་། གྲོང་གསེབ་ལས་བྱེད་པའི་སྲིད་ཇུས་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པའི་ཚད་གཞི་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་། རོགས་སྐྱོབ་བྱ་ཡུལ་ཁྱིམ་ཚང་གི་གནས་ཚུལ་སྒྲིལ་གླེང་ལམ་སྲོལ་གསར་གཏོད་དང་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། རོགས་སྐྱོབ་བྱ་ཡུལ་ལ་ཁྱིམ་ཚང་གི་རྒྱབ་ལྗོངས་དང་། རོགས་སྐྱོབ་བྱ་ཡུལ་གྱི་རྩོད་གཞིའི་གནས་ས། སྲིད་ཇུས་ཀྱི་གཞི་འཛིན་ས། ཞིབ་འཇུག་བྱས་འབྲས་བཅས་ཕྱོགས་བཞིར་དམིགས་ནས་ཁྱིམ་ཚང་རེར་ཡིག་ཚགས་རེ་བཟོས་བ་དང་།  རོགས་སྐྱོབ་བརྒྱུད་རིམ་སྔར་ལས་ཚད་ལྡན་དུ་བཏང་ནས། དམངས་སྲིད་རོགས་སྐྱོབ་ཞབས་ཞུའི་སྤུས་ཀ་ལེགས་ཤིང་ཕན་འབྲས་བཟང་བར་ཁག་ཐེག་བྱས། མིག་སྔའི་བར་དུ། རིམ་རྩིས་བྱས་ན་ཡུལ་ཚོ་ཡོངས་ཀྱི་རོགས་སྐྱོབ་བྱ་ཡུལ་སོ་སོར་རོགས་སྐྱོབ་མ་དངུལ་སྒོར་ས་ཡ་གཉིས་འབུམ་ལྔ་ཁྲི་བཞི་ལྷག་བྱིན་ཡོད།

མང་ཚོགས་ལ་ཉེར་མཁོའི་ཞབས་འདེགས་ཞུས་ནས་སྤྱི་ཚོགས་རོགས་སྐྱོབ་སྔར་ལས་དྲོད་ཁོལ་ཅན་དུ་བཏང་།  “གཞི་གྲངས་ཆེན་མོ་དང་འགྲོ་མཁས་སྐྱོད་བདེ”ཡི་ལས་དོན་སྤེལ་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཡུལ་ཚོ་དང་གྲོང་ཚོའི་ལས་བྱེད་པས་ཡང་བསྐྱར་དབུལ་པོར་འགྱུར་པ་སྔོན་འགོག་དང་ཁྱིམ་ཚང་དུ་གཅིག་སྡུད་གྲལ་བཤེར་བྱ་རྒྱུ་དེ་གོ་སྐབས་སུ་བརྩི་བར་གཅིག་གྱུར་འཆར་འགོད་བྱས་ལ། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་སུ་བསྐྱོད་དེ། ཁྱིམ་ཚང་གི་དཔལ་འབྱོར་དང་རྒྱུ་ནོར་གྱི་གནས་ཚུལ་ལ་དམིགས་ནས་མཐིལ་རྟོགས་གྲལ་བཤེར་བྱས།  “12345”ཡི་བྱ་བའི་བྱེད་ཐབས་འཚོལ་ཞིབ་དང་ལག་བསྟར་བྱས་པ་བརྒྱུད།  ཡུལ་ཚོ་ཡོངས་སུ་རྐྱེན་ངན་གོད་ཆག་ཆེན་པོ་བྱུང་བ་དང་། དབང་པོ་སྐྱོན་ཅན། ནད་གཞི་སོགས་ཀྱི་རྐྱེན་གྱིས་འཚོ་བ་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ལ་སྲིད་ཇུས་ཀྱི་ཆོག་འཐུས་ཁྱབ་ཁོངས་ནང་འཇལ་དགོས་རིགས་ཚང་མ་འཇལ་བ་དང་། སྐྱོབ་དགོས་རིགས་ཚང་མ་སྐྱོབ་ཐུབ་པ་བྱས་ཡོད། སྡོད་དམངས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་མ་ལག་གིས་དྲ་ཐོག་ནས་དུས་ཐོག་ཉེན་བརྡ་གཏོང་བ་དང་ཡུལ་དངོས་ནས་ཁྱིམ་ཚང་དུ་བསྐྱོད་པ། ཡོང་འབབ་དང་འཛད་སྤྱོད་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས། རོགས་སྐྱོབ་བྱ་ཡུལ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བབ་བསྟུན་རྗེས་སྙེག་དང་བསྐྱར་འདྲི་བྱས་ཏེ་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་རིགས་ལ་དུས་ཐོག་ཏུ་འགན་ལེན་མེད་པ་བཟོ་རྒྱུའི་རེ་ཞུ་བྱེད་པ་དང་། ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་འགན་སྲུང་ཁོངས་སུ་བཅུག མིག་སྔའི་བར་དུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཐད་བབ་བསྟུན་གྱིས་ཁྱིམ་ཚང11དང་མི34གསར་དུ་འཕར་བ་དང་ཁྱིམ་ཚང12དང་མི37ཕྱིར་འཐེན་པ་དང་།  དམིགས་བསལ་དཀའ་ངལ་ཡོད་པའི་གསར་འཕར་གྱི་མི་གྲངས་མེད་ལ། མི1ཕྱིར་འཐེན་བྱས་ཤིང་། མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་སྐྱོང་ཁྱིམ་ཚང13དང་མི53གསར་དུ་འཕར་བ་དང་ཕྱིར་འཐེན་གཅིག་ཀྱང་བྱས་མེད།

དྲིལ་སྒྲོག་དང་ཁྲིད་སྟོན་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་། “མཐོ་ཡུལ་མ་ཡུལ་ཚོ་མི་དམངས་སྲིད་གཞུང”གི་སྐད་འཕྲིན་སྤྱི་སྟེགས་དང་།  སྐད་འཕྲིན་བྱ་བའི་ཚོགས་པ། ཁྱིམ་ཚང་དུ་བསྐྱོད་དེ་བཅར་འདྲི་བྱེད་པ། དྲིལ་སྒྲོག་ལག་དེབ་སྟེར་བ། འཕྲེད་ཡིག་འགེལ་བ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་ནས། དམངས་སྲིད་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱ་འགུལ་ཧུར་ཐག་སྒོས་སྤེལ། ལྷག་པར་རོགས་སྐྱོབ་བྱ་ཡུལ་དང་ལྟོས་བཅས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དུ་བསྐྱོད་དེ། ཞིབ་བསྡུར་བྱེད་པ་དང་དུས་མཚུངས་སུ། མ་མཐའི་འཚོ་བའི་འགན་སྲུང་དང་། གནས་སྐབས་རོགས་སྐྱོབ་ཀྱི་རེ་ཞུའི་ཆ་རྐྱེན། གཏན་འཁེལ་གོ་རིམ་སོགས་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་སྣ་ཚོགས་ངོ་ཐུག་གདོང་འཕྲད་ཀྱིས་གསལ་འགྲེལ་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱིས་སྲིད་ཇུས་ཤེས་པ་དང་། ཁྲིམས་སྲོལ་ཤེས་པ། ཆ་རྐྱེན་ཤེས་པ་བཅས་བྱུང་ནས་ཁྱིམ་ཚང་དུ་བསྐྱོད་དེ་འདྲི་རྩད་བྱེད་ཚད100%ལ་སླེབས་ཡོད། གཞི་གྲངས་ཡོངས་བསྒྲགས་ཚད་ལྡན་དུ་གཏོང་བ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། དུས་བཅད་ལྟར་ཞིབ་བཤེར་གཏན་འབེབས་བྱས་འབྲས་དང་ཁ་གསབ་སྤྲོད་ཚུལ་སོགས་ཀྱི་ནང་དོན“སྤྱོད་གཙང་སྡེ་བ”ཞེས་པའིAPPནང་ཡོངས་སྒྲོག་བྱས་ཏེ། བྱ་བ་ཁ་གསལ་སྤྱི་བསྒྲགས་ལ་ཁག་ཐེག་བྱས། ད་ལོ་ནས་བཟུང་།  རིམ་རྩིས་བྱས་ན་དྲིལ་སྒྲོག་ལག་དེབ1000བྱིན་པ་དང་འཕྲེད་ཡིག20ལྷག་བཀལ་ནས་དམངས་སྲིད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་དམངས་འཚོའི་བཟོ་འགོད་ལ་དམངས་ཀྱིས་ཁས་ལེན་ཐོབ་ཡོད།

མ་མཐའི་འཚོ་བའི་འགན་སྲུང་ལས་གཟི་བརྗིད་ངང་འབུད་པའི་དཔེ་བཟང་བཙུགས་ཏེ་གོམས་སྲོལ་བསྒྱུར་ཚད་སྔར་ལས་ཆེ་རུ་ཕྱིན་ཡོད། མ་མཐའི་འཚོ་བའི་འགན་སྲུང་གི་བབ་བསྟུན་ཞིབ་དཔྱད་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐབས་སུ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི“མ་མཐའི་འཚོ་བའི་འགན་སྲུང་ལས་གཟི་བརྗིད་ངང་འབུད་པའི”འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ་དང་། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་དམངས་སྲིད་བྱ་བའི་ཚན་ཆུང་གིས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཁྱིམ་ཚང་ཚང་མར་བསྐྱོད་དེ། ཞིབ་དཔྱད་བྱས་ནས་འགན་སྲུང་ལས་འབུད་པའི་ཆ་རྐྱེན་དང་མཐུན་པའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ལ་སྲིད་ཇུས་དང་། བསམ་བློ། འདུ་ཤེས་བཅས་ཀྱི་ཐོག་ནས་སློབ་གསོ་དང་ཁྲིད་སྟོན་བྱས་པས། མང་ཚོགས་ཁག་ཅིག་གིས་མ་མཐའི་འཚོ་བའི་འགན་སྲུང་གི་སྲིད་ཇུས་ལ་ཤེས་རྟོགས་གཏིང་ཟབ་བྱུང་མེད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་བྱེད་པ་ནི་སྟབས་བསྟུན་དོ་དམ་བྱེད་པ་དང་ཕར་འབུད་ཚུར་ཡོང་ཡོད་པ་ཞིག་ཡིན་པའི་བར་གྱི་དོགས་གཞི་སེལ་བར་བྱས།  མིག་སྔའི་བར་དུ། མཐོ་ཡུལ་མ་ཡུལ་ཚོའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང10ཡིས་སྔ་གཞུག་ཏུ་མ་མཐའི་འཚོ་བའི་འགན་སྲུང་ལས་རང་འགུལ་ངང་འབུད་པའི་རེ་ཞུ་ཐེངས4བྱས་པ་དང་འབྲེལ་ཟླ10པའི་ཚེས10ཉིན“འགན་སྲུང་ལས་གཟི་བརྗིད་ངང་བུད་པའི་ཁྱིམ་ཚང”དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”། ཏང་ཡོན་རྒན་གྲས། མང་ཚོགས་ཀྱི་འཐུས་མི་སོགས“འགན་སྲུང་ལས་གཟི་བརྗིད་ངང་བུད་པའི་ཁྱིམ་ཚང”གི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ་མ་མཐའི་འཚོ་བའི་འགན་སྲུང་ལས་གཟི་བརྗིད་ལྡན་པའི་ངང་བུད་པའི་ཁྱིམ་ཚང10ལ་གཟེངས་བསྟོད་བྱས་ལ། ཡུལ་ཚོ་ཡོངས་ཀྱི་ཁྱབ་ཁོངས་ནང་དཔེ་བཟང་གིས་སྣེ་ཁྲིད་པའི་སྲོལ་བཟང་བཙུགས་ཏེ། གོམས་སྲོལ་བསྒྱུར་བའི་བྱ་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།