ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། “ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་སྲིད་འབྲས་ཀྱི་ལྟ་བའི་ནོར་འཛོལ་ལ་དོགས་ཟོན་དང་ཡོ་བསྲང་ནུས་ལྡན་བྱེད་པའི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།‘དབྱེ་འབྱེད་གསུམ’དོན་འཁྱོལ་བྱས་ཏེ་ལས་བྱེད་པས་གསར་གཏོད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་ལྕག་གཏོང་དགོས” ཞེས་བཏོན་ཡོད།
“བཅོས་སྒྱུར་ལ་ཇུས་འགོད་བྱེད་པར་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་བྱེད་པར་དེ་བས་དམ་འཛིན་ཡག་པོ་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ། གནས་ཚུལ་དངོས་ལ་ལྟ་ཞིབ་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་ཀྱི་སྒོ་ནས་ཕྱི་ཚུལ་རིང་ལུགས་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་ལས། ཕྱི་ཚུལ་ཙམ་གྱི་བཟོ་འགོད་དང་དམངས་དུབ་རྒྱུ་ཟད་ཀྱི་སྲིད་འབྲས་ཀྱི་བཟོ་འགོད་གཏན་ནས་སྤེལ་མི་རུང”ཞེས་ད་ལོའི་ཟླ5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་སྐབས་དེ་ལྟར་ནན་གྱིས་བསྟན་ཡོད།
“ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཕྱི་ཚུལ་རིང་ལུགས་མུ་མཐུད་དུ་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། འགོ་ཁྲིད་ཀྱི་སྤྱོད་ཚུལ་དང་བྱ་བའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས”། “བྱ་བ་གང་ཞིག་དམ་འཛིན་བྱེད་པ་དང་མང་ཚོགས་ལ་བྱ་བ་གང་ཞིག་སྒྲུབ་རུང་དེ་ཚང་མ་དངོས་ཐོག་བདེན་འཚོལ་ཡོང་བར་བྱེད་དགོས”ཞེས་ད་ལོའི་ཟླ3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་དེ་ལྟར་ནན་གྱིས་བསྟན་ཡོད།
“གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་ཡིན། ད་ལྟ་རང་རེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ལྡན་དུ་གྱུར་ཡོད་པས། མི་དམངས་ལ་བྱ་བ་སྔར་ལས་མང་པོ་སྒྲུབ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེའི་ནང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། གུང་ཁྲན་ཏང་མིའི་སྲིད་འབྲས་ཀྱི་ལྟ་བ་ཡང་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་འབྲས་གལ་ཆེན་དུ་བརྩི་དགོས”ཞེས་གསུངས་ཡོད་ལ། “མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས”ཞེས་ནན་བཤད་ཀྱང་གནང་ཡོད། གུང་ཁྲན་ཏང་མིའི་ངོས་ནས་བརྗོད་ན། མི་དམངས་ནི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བའི་སྲོག་ཤིང་ཡིན་ལ། ལས་སྒྲུབ་ལས་གཏོད་ཀྱི་རིན་ཐང་གི་འབྱུང་ཁུངས་ཀྱང་ཡིན།
《ཀྲི་ཅང་གཏམ་གསར》དང་། 《དཔོན་གནས་མཐོན་པོ་མིན་ཡང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས》 《སེམས་སུ་མང་ཚོགས་མེད་ན“དཔོན་པོ”བྱས་ནས་ཅི་བྱེད》སོགས་ཀྱི་རྩོམ་ཡིག་ནང“དཔོན་པོ་བྱས་ཚེ་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས་པ་ལས‘དཔོན་ཞྭ’གྱོན་ཏེ་སྒེར་ཕན་སྒྲུབ་མི་རུང”ཞེས་པ་དང“མང་ཚོགས་ཀྱི་འདོད་བློར་མཐོང་ཆེན་བྱེད་དགོས་པ”སོགས་ཀྱི་བཀའ་མོལ་ལས། མི་དམངས་ཀྱི་ལངས་ཕྱོགས་གསལ་པོ་དང་མི་དམངས་ལ་བཅངས་པའི་ལྷག་བསམ་གྱི་བརྩེ་སེམས་མངོན་ཡོད།
གྲང་ངར་ཆེ་བའི་ཐའེ་ཧང་རི་ཁུལ་དུ་དབུལ་ཐར་ལས་དོན་ལ་གཟིགས་ཞིབ་དང་། མདོ་ལ་རི་བོའི་བྱང་འདབས་རྩྭ་ཐང་ཆེན་པོར་ཕེབས་ནས་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་ཞིང་། ཧོ་པེའི་པའོ་ཏེན་གྱི་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་དྲོད་རླངས་ཡོད་མེད་དང་མང་ཚོགས་ཀྱི་འཚོ་བར་ལྟ་རྟོག་དང་། ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཆེད་དུ་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དུ་ཕེབས་ནས་གྲོང་མི་གསར་པར་གཟིགས་སྐོར་དང་ཁང་གླ་མཐོ་མིན་སོགས་ལ་བཀའ་འདྲི་གནང་བ་དང་། ཧུའུ་ནན་ཁྲང་ཏིའི་ཞིང་འགྲམ་གྱི་ལམ་ཆུང་བརྒྱུད་དེ་ཕེབས་སྐབས་འབྲུ་འདེབས་ཁྱིམ་ཆེན་དང་། ཞིང་ལས་ལག་རྩལ་མི་སྣ། གཞི་རིམ་ལས་བྱེད་པ་བཅས་དང་མཉམ་དུ་ཐོན་འབབ་ཅི་འདྲ་ཡོད་མེད་ཐད་བཀའ་མོལ་གནང་བ་བཅས་དུས་རབས་གསར་པར་མི་དམངས་ཀྱི་འདུན་པ་དང་རེ་སྒུག་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་བཅངས་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་བཀོད་ཡོད།
སྲིད་འབྲས་ཀྱི་ལྟ་བ་དང་འཕེལ་རྒྱས་ཀྱི་ལྟ་བ་གཉིས་དམ་པོར་འབྲེལ་ཡོད། འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན།
2021ལོའི་ཟླ་གསུམ་པར། ཧྥུའུ་ཅན་སན་མེན་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཨ་མར་ནད་ལྟ་རོགས་བྱེད་པར་ཡོང་བའི་གྲོང་མི་ཀྲང་ལིས་ཕེན་གྱི་སྨན་རིན་དང་སྨན་རིན་རྩིས་ཞུའི་གནས་ཚུལ་ལ་བཀའ་འདྲི་གནང་སྐབས། ཀྲང་ལིས་ཕེན་གྱིས“ད་ཐེངས་ཀྱི་སྨན་རིན་སྒོར་ཁྲི་གཅིག་སྟོང་གསུམ་ཡིན་རུང་། ང་ཚོས་སྨན་རིན་སྒོར4000ཙམ་ལས་སྟེར་མི་དགོས”ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསན་རྗེས་ཐུགས་མཉེས་པོ་བྱུང་། ཁོང་གིས་གྱང་ཐོག་ཏུ་བཀལ་བའི་སན་མེན་གྱི་སྨན་བཅོས་བཅོས་སྒྱུར་གྱི་ནང་དོན་ལ་ཞིབ་མོར་གཟིགས།
སྤྱི་ཁྱབ་ཧྲུའུ་ཅིས“ཁྱེད་ཚོའི་བཅོས་སྒྱུར་ལ་ངས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད”ཅེས་གསུངས་པ་མ་ཟད། སན་མེན་གྱི་སྨན་བཅོས་བཅོས་སྒྱུར་ལས། མི་དམངས་བླ་ན་མེད་པ་དང་གཞན་གྱི་སྔོན་དུ་བྱེད་ཕོད་པ་མཚོན་ཡོད། དེའི་ཉམས་མྱོང་ནི་ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཅེས་ནན་བཤད་གནང་།
སྨན་བཅོས་དང་། ལས་ཞུགས། སློབ་གསོ། རྒན་གསོ་སོགས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་ཆེན་པོ་གནང་བཞིན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གང་ལེགས་སྒོས་སྐོང་ཐུབ་པའི་འཕེལ་རྒྱས་ཤིག་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཤིག་ཀྱང་ཡིན།
“དུས་གང་ཞིག་ཏུའང་ང་ཚོས་འཚབ་འཚུབ་ངང་བྱ་བ་སྒྲུབ་པ་དང་། རྒྱལ་དམངས་དཔལ་འབྱོར་སྤྱིའི་ཐོན་རིན་ཁོ་ན་དོན་གཉེར་བྱེད་པ་བཅས་ཀྱི་ལམ་བུར་སྐྱོད་མི་རུང”“ཚད་གཞི་འཛིན་ས་ཞིག་ཡོད་པར་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”།
“བདེན་པ”དང“རྫུན་མ”ཐག་གཅོད་ཡང་དག་བྱེད་པའི་ཐད་བྱེད་ཐབས་དངོས་འདོན་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་པ་ལས་ཕྱི་ཚུལ་ཙམ་བྱེད་མི་རུང་ཅེས་གསུངས་ཡོད།
ལོ20ལྷག་གི་རིང་ལ། ཀྲེ་ཅང་གིས“བརྒྱད་བརྒྱད་འཐབ་ཇུས”རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་བྱས་ནས། ལས་དོན་མཐའ་དག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།
2023ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས“ཕན་འབྲས་ཐོབ་དོན་ནི་འཆར་གཞི་ལེགས་པོ་བཀོད་ནས་ལོ20ཡི་རིང་ལག་བསྟར་མཐའ་གཅིག་ཏུ་བྱས་པ་ལས་བྱུང་བ་ཞིག་ཡིན། བྱེད་ཕྱོགས་ཡང་ཡང་བསྒྱུར་ཚེ། བྱེད་ཐབས་བཟང་པོ་གང་ཞིག་ཡིན་རུང་ཚང་མ་སྟོང་གཏམ་ཙམ་ཡིན་ལ། རྐང་རྗེས་ལག་སུབ་ལ་འགྱུར་སྲིད”ཅེས་གསུངས་ཡོད།
འཆར་གཞི་ཡག་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། “ང་ཚོས་རི་སྔོ་ཆུ་དྭངས་དམ་འཛིན་དང་། དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་སོགས་དང་འདྲ་བར་བྱ་བ་རེ་རེ་བཞིན་སྒྲུབ་དགོས་ལ། ཏང་ཀྲུང་དབྱང་གི་བླང་བྱ་ལྟར་བློ་གཅིག་སེམས་གཅིག་གིས་སྒྲུབ་དགོས”
གལ་ཏེ“གཟེར་འདེབས་ཀྱི་སྙིང་སྟོབས”དང་། ཀུན་སེམས་གཅིག་སྒྲིལ་གྱི་བློ་སྟོབས། རིགས་པ་དྭངས་གསལ་གྱི་བློ་གྲོས་བཅས་མེད་ཚེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་སྲིད་དམ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གཏན་ལ་ཕབ་པའི་བརྗིད་ཆེའི་འཆར་གཞི་ མངོན་འགྱུར་ཇི་ལྟར་བྱེད་སྲིད།
ད་དུང་རྩོད་སྒྲུབ་ཀྱི་ཐོག་ནས“ཉེ་བ”དང“རྒྱང་རིང”ཁོང་དུ་ཆུད་པར་བྱས་ནས། འཕྲལ་བདེ་འཕྲལ་ཕན་གྱི“མངོན་གསལ་གྲུབ་འབྲས”དོན་གཉེར་མི་བྱེད་པར་མི་རབས་རྗེས་མར་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན”ཞིག་ཏུ་བརྩི་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིས“སྐྱེ་ཁམས་ནི་ངས་ཆེས་མཐོང་ཆེན་བྱེད་པའི་བྱ་བ་ཞིག་ཡིན”ཞེས་གསུངས་ཡོད།
“སྐྱེ་ཁམས་སྲུང་སྐྱོབ་ཐད་ངས་ལྕག་སྐུལ་དང་སྐུལ་འདེད་བྱེད་པའམ་ཡང་ན་སྐྱོན་བརྗོད་དང་བཀག་འགོག་གང་བྱེད་ཀྱང་ཚང་མ་ནི་དུས་སྐབས་གཅིག་དང་བྱ་བ་གཅིག་གི་ཆེད་དུ་མིན་པར། སྐྱེ་ཁམས་ཆེན་པོ་དང་ཁོར་ཡུག་ཆེན་པོར་དམིགས་པ་དང་། ཀྲུང་གོའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པར་དམིགས་པ་ཞིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུངས་ཡོད།
གང་དུ་དཔོན་གནས་འཁུར་བས་ན་དེ་གར་བདེ་སྐྱིད་སྐྲུན་རྒྱུར་བརྩོན་པའི་སྙིང་སྟོབས་ཐོག་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས་ཞེས་གསུངས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།