ཉེ་བའི་ལོ་ཤས་རིང་། གཅིག་སྒྲིལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་མཚོ་སྔོན་གྱི“ཆེས་ཆེ་བ་གསུམ་གྱི་ཞིང་ཆེན”གྱི་གནས་ཚུལ་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ། རང་འགུལ་ངང་འགན་འཁྲི་འཁུར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བྱས་ནས། གཅིག་སྒྲིལ་རྫོང་གི་ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཁྱབ་ཚད་འཕར་སྣོན་བྱུང་བ་དང་། སྐྱེ་ཁམས་ཀྱི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་ལ་རྣམ་པ་གསར་པ་མངོན་ཡོད།
གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་འགན་འཁྲིའི་འགོ་ཁྲིད་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་དེ་གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་དང་རྫོང་ཡོངས་ཀྱི་དམིགས་འབེན་དཔྱད་ཞིབ་ནང་དོན་ཁྲོད་འཇུག་པ་རྒྱུན་འཁྱོངས་བྱས་ཏེ། དུས་བཀག་ལྟར་འབྲེལ་ཡོད་ཚོགས་འདུ་འཚོགས་ནས་བྱ་བའི་སྙན་ཞུར་ཉན་པ་དང་གནད་དོན་ལ་ཞིབ་འཇུག་དང་ལས་དོན་ལ་སྐུལ་འདེད་བཏང་། “ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ། འགན་འཛོལ་འགན་འཁྲི་བདའ་འདེད་བྱེད་པའི”འགན་འཁྲིའི་སྦྲེལ་ཐག་ཧུར་ཐག་གིས་བསྐྲུན་ཏེ། 《གཅིག་སྒྲིལ་རྫོང་གི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་གསལ་ཐོ》དང《གཅིག་སྒྲིལ་རྫོང་གིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་བྱ་བའི་ཇུས་གཞི》སོགས་ལམ་ལུགས་དང་ཇུས་གཞི་བཟོས་ནས། གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་འགན་ལེན་ནུས་ལྡན་བྱས། “རྫོང་དང་། ཡུལ་ཚོ། སྡེ་བ། སྡེ་ཁུལ”བཅས་རིམ་པ་བཞིའི་ནགས་རྩྭའི་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བཙུགས་ནས། ཏང་ཨུ་ཡིས་འགོ་ཁྲིད་པ་དང་། ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར། ཁོངས་གཏོགས་ཀྱིས་འགན་འཁུར་བ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། ས་ཁོངས་ཧྲིལ་པོར་ཁྱབ་པ། རྩ་བ་ནས་བཅོས་སྐྱོང་བཅས་བྱེད་པའི་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་ཡུན་ཕན་ལམ་སྲོལ་ཞིག་ཆགས་པར་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་ཇེ་བརྟན་དུ་བཏང་།
གཅིག་སྒྲིལ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཅིག་སྒྲིལ་གྱི་ས་བབ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རང་བྱུང་ནགས་ཚལ་དང་། སྤྱི་ཕན་ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་ལས་གཞི་དང་། རི་རྒྱ་ནགས་གསོ། ནགས་ཚལ་ཞན་འགྱུར་ཉམས་གསོ་སོགས་གཙོ་གནད་ནགས་སྐྲུན་ལྗང་བསྒྱུར་གྱི་ལས་གཞི་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་རྒྱལ་ཁོངས་ལྗང་བསྒྱུར་བྱས་པ་དང་། རིམ་པ་མང་བ་དང་། སྡོང་བོ་མང་བ། ཕན་འབྲས་མང་བ་བཅས་ཀྱི་སྐྱེ་ཁམས་ལྗང་བསྒྱུར་གྱི་རྣམ་པ་བསྐྲུན། རྫོང་ཡོངས་ཀྱི་ལས་ཁུངས་དང་སྡེ་ཁག་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ། སློབ་མ། དང་བླངས་པ་བཅས་མི300ལྷག་རྩ་འཛུགས་བྱས་ནས2024ལོའི་རྒྱལ་ཁོངས་ལྗང་བསྒྱུར་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་སྔོ་ལྗང་རྒྱ་སྐྱེད་དང་། ལྗང་མདོག་དར་སྤེལ། ལྗང་མདོག་སྲུང་སྐྱོབ་བཅས་ཀྱི་སྐྱེ་ཁམས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན། རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་རང་འགུལ་ངང་མཉམ་འདྲེས་བྱས་ཏེ《ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཆར་འགོད(2021ལོ་ནས2025ལོའི་བར)》བཟོས་པ་དང་། གྲབས་གསོག་ལས་གཞི38ཡོད་པར་ཚོད་རྩིས་བྱས་ན་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བཏང་ནས། རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། རིམ་རྩིས་བྱས་ན་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་དྲུག་ལྷག་བཏང་ནས་མིའི་ཐབས་ལ་བརྟེན་ནས་མུའུ་ཁྲི་གཅིག་ལྷག་ལ་ནགས་བཏབ་པ་དང་། ས་མུའུ་ཁྲི་དྲུག་ལ་རི་བཀག་ནགས་གསོ་བྱས་པ་དང་། ནགས་ཚལ་མུའུ་སྟོང་གསུམ་གསོ་སྐྱོང་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་བསྒྱུར་བཟོ་འགོད་གསུམ་ལག་བསྟར་བཅས་བྱས་པས། སྐྱེ་ཁམས་ཀྱི་རྨང་གཞི་སྔར་ལས་མངོན་གསལ་དུ་གྱུར།
གཅིག་སྒྲིལ་རྫོང་གིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་དམིགས་ནས། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་སྲིད་གཞུང་གིས་ཁྲིད་སྟོན་དང་། སྤྱི་ཚོགས་ཧུར་ཐག་གིས་ཞུགས་པ། འབྲོག་པ་མང་ཚོགས་ལ་ཐད་ཀར་ཕན་པ་བཅས་ཀྱི་སྐྱེ་ཁམས་སླར་གསོའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། རྩྭ་འདེབས་ཁྱབ་ཁོངས་ཀྱི་ལག་རྩལ་ཆེད་མཁས་པ་གདན་དྲངས་ནས་ཞང་གྲོང་དུ་བསྐྱོད་དེ2024ལོར་གཅིག་སྒྲིལ་རྫོང་སྡེ་ཁུལ་གྱི་ཉམས་ཞན་རྩྭ་ཐང་བཅོས་སྐྱོང་གི་ཕྱོགས་བསྡུས་ཚོད་ལྟའི་ལས་གཞིའི་ལག་རྩལ་མཛུབ་སྟོན་གསོ་སྦྱོང་ནང་ཞུགས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པས་སྡེ་ཁུལ་གྱི་འབྲོག་པ་མང་ཚོགས་སྐྱེ་ཁམས་བཅོས་སྐྱོང་ཁྲོད་ཞུགས་པའི་བརྩོན་སེམས་དང་འདེབས་འཛུགས་རྩལ་ནུས་ཇེ་དྲག་ཏུ་བཏང་། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གཙོ་གནད་ས་ཁོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་ཀྲུང་དབྱང་ནོར་སྲིད་མ་དངུལ་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་ལས་གཞི་སྔ་རྗེས་སུ་ལག་བསྟར་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ཞིང་། རྩྭ་ཐང་ཞན་འགྱུར་ཚབས་ཆེན་གྱི་རི་ལྡེབས་མུའུ་ཁྲི་གཉིས་སྟོང་ལྔ་བཅོས་སྐྱོང་དང་། གྲམ་ཐང་མུའུ་ཁྲི་གསུམ་བཅོས་སྐྱོང་། མུའུ་ཁྲི་དགུ་གསབ་འདེབས། མུའུ་འབུམ་གསུམ་ལེགས་བཅོས་བཅས་བྱས་པ་དང་། མིའི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་བརྒྱད་ལྷག་བཏབ་པ་དང་། རྩྭ་ཐང་ལ་གནོད་འཚེ་ཡོད་པའི་སྐྱེ་དངོས་སྔོན་འགོག་ཚོད་འཛིན་མུའུ་ས་ཡ་གཉིས་འབུམ་བཞི་ཁྲི་བརྒྱད་བྱས་ཡོད། གཅིག་སྒྲིལ་རྫོང་གི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་འཁོར་སྐྱོད་བཟང་པོ་བྱུང་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་རིམ་བཞིན་ཇེ་མཐོར་སོང་།
གཅིག་སྒྲིལ་རྫོང་གིས་ཁྱོན་སྡོམ་མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་གཉིས་འབུམ་བརྒྱད་ལྷག་བཏང་བའི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོའི་ལས་གཞི་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་བཏང་བའི་གཅིག་སྒྲིལ་རྫོང་གི་རྙི་ཆུའི་བཞུར་རྒྱུད་ཀྱི་ཆུའི་སྦགས་བཙོག་བཅོས་སྐྱོང་དང་ཉམས་གསོའི་ལས་གཞི་དང་གཅིག་སྒྲིལ་རྫོང་གི་གསའ་ཆུ་བཞུར་རྒྱུད་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཤིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་གཙང་པོའི་བཙོག་འབུད་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་ནས་ཆུ་རྒྱུན་གཙང་མ་ཡོང་བར་འགན་ལེན་བྱས། “རླངས་འཁོར་དོ་དམ་དང་། ཐལ་རྡུལ་འགོག་བཅོས། སྦགས་བཙོག་གཙང་སེལ་སོགས་ཀྱི་བྱེད་ཐབས་སྤྱི་འདོམས་བྱས་པ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས་ཕན་འབྲས་མངོན་གསལ་ཐོབ།
གཅིག་སྒྲིལ་རྫོང་གིས“ཁོར་ཡུག་སྲུང་སྐྱོབ་སྲུང་དམག”གི་འདུ་ཤེས་བརྟན་པོ་བཙུགས་ནས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་། རྫོང་ནང་ཁུལ་གྱི་སྨན་བཅོས་གད་སྙིགས་ཐོན་སའི་སྡེ་ཁག་དང་འགྱེད་འཕྲོའི་སྒྲིག་ཆས་ཀྱི་སྨན་རྫས་བེད་སྤྱོད་བྱེད་མཁན་སྡེ་ཁག་གི་སྨན་བཅོས་གད་སྙིགས་དབོར་འདྲེན་དང་། སྨན་བཅོས་གད་སྙིགས་གཙང་སེལ་མ་ལག་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་དུས་བཀག་ལྟར་ཞིབ་བཤེར་བྱས། 《2023ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཀྱི་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ལས་དོན་ཇུས་གཞི》ལྟར། གཅིག་སྒྲིལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འགྱེད་འཕྲོའི་འབྱུང་ཁུངས་སྒྲིག་ཆས་སོགས་ལ་ཞིབ་བཤེར་ཞིབ་མོ་བྱས་ནས། ཁོར་ཡུག་ལ་ཁྱབ་འགྱེད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་འབྱུང་བར་གཏན་འགོག་བྱས། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་ཁྲོད་ལྟ་སྐུལ་པ་གདན་ཞུ་བྱེད་པའི་སྐོར་གྱི་བརྡ་ཐོ》བཟོས་ནས་པར་འགྲེམས་བྱས་པ་དང་། གཅིག་སྒྲིལ་རྫོང་གི་སྲིད་འཛིན་སྡེ་བ22ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་ཁྲོད་ལྟ་སྐུལ་པ22བདམས་ནས་གདན་ཞུ་བྱས་ཏེ། ནགས་དཔོན་དང་སྐྱེ་ཁམས་ལྟ་སྲུང་པའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ་ཀྱི་བྱ་བའི་དཔེ་དབྱིབས་ཆགས་པར་སྐུལ་འདེད་བཏང་བ་དང་། མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཐུབ་པར་བྱས། མིག་སྔའི་བར་རིམ་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་དོན་ཞིབ་བཤེར་དང་དེ་མིན་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས100ལྷག་བྱས་པ་དང་། ཡོ་བསྲང་བྱེད་པའི་བཀའ་རྒྱ་གཏོང་བ་དང་དྲན་སྐུལ་ཡི་གེ30ལྷག་སྤེལ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་གྱོད་གཞི2ལག་བསྟར་བྱས་པ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་དང་ས་རྒྱུའི་སྦགས་བཙོག་སོགས་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི9ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཅིག་སྒྲིལ་རྫོང་གིས་བསམ་ཇུས་གཅིག་གི་དགོངས་པ་དང་དག་ཐེར་ཆེན་པོའི་རྣམ་པ་བརྟན་པོར་བཙུགས་ནས། གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་ཚན་གཙོའི་འགན་འཁུར་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ནས། གནད་དོན་དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་ཁག་བཞི་པའི་བརྡ་ཁྱབ་གནད་དོན་དག་ཐེར་ཇུས་གཞི་སོགས་ཀྱི་བྱེད་ཐབས་བཟོས་ནས་པར་འགྲེམས་བྱས་ཏེ། གནད་དོན་གྱི་འགན་འཁྲིའི་གསལ་ཐོ་ཞིབ་མོ་བཟོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བསྡུར་བྱས་ནས། 2021ལོ་ནས་བཟུང་ལག་བསྟར་བྱས་པའི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་གཞི5ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། རང་བཤེར་རང་བཅོས་ཏན་ཏིག་ཐུབ་པར་བྱས། ནགས་ཚལ་དང་རྩྭ་ཐང་ཉམས་གསོའི་ལས་གཞི་དོ་དམ་ལ་ཤུགས་བསྣན་ནས། ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཆེད་དོན་གསོ་སྦྱོང་བྱས་པ་དང་། དག་ཐེར་ལས་དོན་ལ་གཙོ་གནད་དུ་མཛུབ་སྟོན་བྱས་ཏེ། དག་ཐེར་ལས་དོན་གནད་སྨིན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། ཉེ་བའི་ལོ་ཤས་རིང་། རིམ་རྩིས་བྱས་ན་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་ཅན་ལྟ་ཞིབ་ཚན་ཆུང་བརྒྱད་པའི་ལྟ་ཞིབ། “སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི”ཆེད་དོན་སྐོར་ཞིབ་སོགས་ཀྱི་ཚུར་ལན་གནད་དོན་ཁག69དག་ཐེར་བྱས་པས། དག་ཐེར་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། ཉམས་མྱོང་བསྡུ་ལེན་བྱས་ནས་སྐྱེ་ཁམས་དཔལ་ཡོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གཅིག་སྒྲིལ་གྱི་མཐོ་ས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།