གུས་སེམས་ཡིད་ལ་བཅངས་ནས་རྒྱུད་འཛིན་དར་སྤེལ་བྱེད།
2024.11.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

རྒྱལ་ཡོངས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་སྔོན་ཐོན་ཐུན་མོང་སྟེ་མཚོ་བྱང་ཁུལ་རིག་གནས་ཁང་གི་གནས་ཚུལ་ཆེད་བཀོད།

གཙགས་དྲུབ་ལག་ཤེས་བཟོ་རྩལ་གྱི་གསོ་སྦྱོང་རྣམ་པ།

ཟླ11པའི་ཚེས5ཉིན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁུལ་དུ་སོང་བ་དང་། གནས་དེར་མཚོ་བྱང་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཚོན་པའི་དཔེ་མཚོན་གཟུགས་མེད་རིག་གནས་ཤུལ་བཞག་དངོས་རྫས་སྟོང་གཅིག་ལྷག་གསོག་ཉར་བྱས་ཡོད།

མཚོ་བྱང་ཁུལ་རིག་གནས་ཁང་གི་འགོ་གཙོ་ཕག་མོ་བཀྲ་ཤིས་ཀྱིས་བཤད་རྒྱུར། དངོས་རྫས་འདི་དག་གིས་མཚོ་བྱང་ཁུལ་གྱི་འདས་སོང་ལོ་རྒྱུས་མཚོན་ཡོད་ལ། མཚོ་བྱང་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་བྱེད་པའི་དངོས་ཡོད་རྒྱུ་ཆ་ཧ་ཅང་གལ་ཆེན་ཞིག་རེད། ང་ཚོས་ལོ་ངོ་བརྒྱད་ལྷག་གི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་འཚོལ་བསྡུ་བྱས་ཤིང་། དངོས་རྫས་འདི་དག་གནས་འདི་གར་འཇོག་དོན་ཡང་འགྲེམ་སྟོན་བྱེད་རྒྱུ་ཁོ་ན་མ་ཡིན་པར་གཙོ་བོ་དེ་དག་ལ་སྲུང་སྐྱོབ་ལེགས་པོ་བྱ་ཆེད་ཡིན་ཟེར།

ལོ་ངོ་མང་པོའི་རིང་ལ། མཚོ་བྱང་ཁུལ་རིག་གནས་ཁང་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་ཀྱིན་འདུག  དེའི་ཕྱིར། མཚོ་བྱང་ཁུལ་གྱི་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་བྱེད་རང་བཞིན་གྱི་རྒྱུད་འཛིན་པ་གཏན་འཁེལ་བྱེད་པ་དང་དོ་དམ་བྱེད་ཐབས་དང་། མཚོ་བྱང་ཁུལ་གྱི་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་བྱེད་ལས་གཞིའི་སྙན་ཞུ་དཔྱད་བསྡུར་གཏན་འབེབས་བྱེད་ཐབས་གཉིས་ཆེད་དུ་བཏོན་ནས། ཁུལ་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོབ་བྱ་བ་ཚད་ལྡན་དུ་བཏང་།

རིག་གནས་རྒྱུན་འཛིན་ལ་འགན་སྲུང་བྱ་ཆེད། མཚོ་བྱང་ཁུལ་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་འགྲོ་གྲོན་དེ་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་རྒྱུ་རེད། ལོ་རེ་རེར་ཁུལ་ཡོངས་ཀྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལས་གཞི་རྒྱུན་འཛིན་པ་སོ་སོར་གསབ་དངུལ་སྒོར་ཁྲི་གཉིས་དང་སྟོང་བརྒྱད་བྱིན་པ་དང་། ཁུལ་རིམ་པའི་ལས་གཞི་དང་རྒྱུན་འཛིན་པ་སོ་སོར་གསབ་དངུལ་སྒོར་ཁྲི་གཅིག་དང་སྟོང་ལྔ་བྱིན། མཚོ་བྱང་གི་རྫོང་བཞི་ཡིས་རང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རྫོང་རིམ་པའི་ལས་གཞི་རྒྱུན་འཛིན་པར་གསབ་དངུལ་སྤྲད་པར་མ་ཟད། གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་བཙུགས།

གཏན་འབེབས་ལམ་ལུགས་འདི་དག་ཡོད་པས། ཡུལ་དངོས་རྟོག་ཞིབ་དང་རྒྱུ་ཆ་སྔོག་འདོན། ཡང་ན་ལས་གཞིའི་སྙན་ཞུ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་གཞི་འཛིན་ས་ཡོད་ལ། མཚོ་བྱང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་ཚད་ལྡན་དུ་གཏོང་བའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

མཚོ་བྱང་ཁུལ་རིག་གནས་ཁང་གིས་གསོ་སྦྱོང་རྟེན་གཞི་ཁག་ཅིག་བསྐྲུན་ནས་གསོ་སྦྱོང་རུ་ཁག་སྟོབས་ཆེར་བཏང་ཞིང་། སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་དུ་བཏང་སྟེ་གསོ་སྦྱོང་མ་དངུལ་ལ་ཁ་གསབ་སྤྲད་པ་དང་། རྩལ་ནུས་གསོ་སྦྱོང་དང་འཁྲབ་སྟོན་འགྲེམ་སྟོན་བྱ་འགུལ། དེ་མིན་དམངས་སྲོལ་བྱ་འགུལ་བཅས་སྤེལ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ། ལོ་རེ་རེར་གཟུགས་མེད་རིག་གནས་ཤུལ་བཞག་སློབ་རར་བསྐྱོད་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་ལྗོངས་ཁུལ་དུ་བསྐྱོད་པ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་འཁྲབ་སྟོན་བྱ་འགུལ་སྤེལ་ཐེངས་ལྔ་བརྒྱ་ལྷག་ལ་སླེབས་ཡོད། སྲུང་སྐྱོབ་ལས་གཞི་མང་ཆེ་ཤོས་ལས་འགུལ་རྣམ་རྒྱུན་འཛིན་མངོན་འགྱུར་བྱུང་ཞིང་། ལྷག་པར་དུ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁྱད་ལྡན་རིག་གནས་ཐོན་ཁུངས་ཀྱི་ཐོན་ལས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ཡོད། མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ་དང་མཉམ་དུ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བ་དང་། སྤྱི་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་བླངས།

མཚོ་བྱང་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། མཚོ་བྱང་ཁུལ་རིག་གནས་ཁང་གིས་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་དེབ་བཟོས་ཏེ། ཁུལ་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མི་སྣ་གཙོ་བོར་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད།

ཕག་མོ་བཀྲ་ཤིས་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་ཐོག་མར་སྔོག་འདོན་བྱེད་པ་དང་གཙོ་བོ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། ང་ཚོས་ཕུལ་བྱུང་མི་རིགས་རིག་གནས་སྔོག་འདོན་གང་ལེགས་བྱས་ཏེ། མིག་སྔའི་བར་ཁུལ་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི་བརྒྱ་དང་ཉེར་དྲུག་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་དེབ་གྲས་སུ་བཞག་ཡོད། དེའི་ཁྲོད། དཔའ་རིས་ཀྱི་བོད་རིགས་གྱོན་གོས་དང་། མདོ་ལའི་ཨ་རིག་རྩེད་རིག མདའ་བཞིའི་མཚོ་སྔོན་པོའི་མཚོ་མཆོད་བཅས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞིའི་ཁྲོད་དུ་བཞག་ཡོད། རྒྱབ་ཚང་ཀོ་བཟོའི་ལག་རྩལ་སོགས་ལས་གཞི་སོ་དྲུག་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞིའི་ཁྲོད་དུ་བཞག་ཡོད་པ་དང་། ནས་ཀྱི་སོག་མས་བཟོས་པའི་སྒྱུ་རྩལ་སོགས་ལས་གཞི་བཞི་བཅུ་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞིའི་གྲས་སུ་བཞག་ཡོད་ལ། ད་དུང་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི་ཞེ་དྲུག་ཡོད་ཟེར།

གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་རྣམས་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་ཁྲོད་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་མཉམ་འབྲེལ་གྱིས་རྒྱུན་འཛིན་པར་སྟེགས་བུ་བསྐྲུན། མིག་སྔའི་བར་དུ་མཚོ་བྱང་ཁུལ་རིག་གནས་ཁང་གིས་ཞིང་ཆེན་རིམ་པའི་གཙགས་དྲུབ་ཁང་བཅུ་དང་ཁུལ་རིམ་པའི་གཙགས་དྲུབ་ཁང་གཉིས། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་ཁང་གཉིས་དང་། ཞིང་ཆེན་རིམ་པའི་གསོ་སྦྱོང་ཁང་གཉིས། ཁུལ་རིམ་པའི་མི་རིགས་རིག་གནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ས་ཚིགས་གསུམ་བཅས་བཙུགས་ཡོད་ལ། བརྒྱུད་སྦྱོང་ཁང་སུམ་ཅུ་བཙུགས་པ་དང་། བརྒྱུད་སྦྱོང་རུ་ཁག་སོ་གསུམ་རྩ་འཛུགས་བྱས་ནས། བརྒྱུད་སྦྱོང་བྱེད་མཁན་མི518ཡོད། དེ་དང་མཉམ་དུ། བརྒྱུད་སྦྱོང་ཁང་ལ་གཅིག་གྱུར་གྱི་མཚོན་རྟགས་བྱང་བུ་བཟོས་ནས་བྱིན་པ་དང་། ཁ་གཏད་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། རྒྱུན་འཛིན་བྱེད་ས་བསྐྲུན་ཞིང་། རྒྱུན་འཛིན་རུ་ཁག་སྟོབས་ཆེར་བཏང་བ་དང་། རྒྱུན་འཛིན་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། བརྒྱུད་སྦྱོང་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིངས།

ད་ལོའི་ཟླ་བདུན་པར། གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཞིག་གི་བརྩམས་ཆོས་བཟོ་བར་རྒྱུ་ཆ་མ་འདང་བའི་རྐྱེན་གྱིས་མཚོ་བྱང་ཁུལ་རིག་གནས་ཁང་གི་ལས་བྱེད་མི་སྣས་རོགས་རམ་བྱས་ནས་རྡོ་ཕྱེ་འཚོལ་བསྡུ་བྱེད་པའི་རེ་འདུན་ཞུས། ཕག་མོ་བཀྲ་ཤིས་ཀྱིས་རེ་འདུན་དང་ལེན་བྱས་པར་མ་ཟད།  ལས་བྱེད་མི་སྣའི་སྣེ་ཁྲིད་དེ་མཚོ་སྔོན་པོ་ནས་ཀྲང་ཡེ་བར་གྱི་གཞུང་ལམ་ཉེ་འགྲམ་གྱི་རི་འདབས་སུ་སོང་ནས་རྒྱུ་ཆ་འཚོལ་བསྡུ་བྱས།

ཁོ་ཚོས་ངེས་མཁོའི་ཡོ་བྱད་ཁྱེར་ནས་ལམ་ལ་ཆས་པ་དང་། ཡུལ་དངོས་སུ་འབྱོར་རྗེས། ཁོ་ཚོས་རླངས་འཁོར་བགྲོད་མི་ཐུབ་པར་རྐང་ཐང་ལ་འགྲོ་དགོས་ཤིང་། ཕར་འགྲོ་ཚུར་འོང་གི་ལམ་ཐག་སྤྱི་ལེ་བཞི་བཅུ་ལྷག་ཡོད་པ་ཤེས། ཁོ་ཚོའི་བསམ་ཡུལ་ལས་འདས་པ་ཤིག་ལ་སྐབས་དེར་ཆར་ཆེན་ཞིག་བབས་པས་འཚོལ་བསྡུའི་བྱ་བར་དཀའ་ཁག་མང་པོ་འཕྲད།

ལིའུ་ཅེ་ཡིས་སྐབས་དེའི་འཚོལ་བསྡུའི་བརྒྱུད་རིམ་ཁྲོད་དུ་བརྙན་ཕབ་ནས་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་འགན་འཁུར་བཞིན་ཡོད་ལ། ཁོས་པར་ཆས་ཁྱེར་ནས་འཚོལ་བསྡུའི་བརྒྱུད་རིམ་ཧྲིལ་བོར་ཕབ་ལེན་བྱེད་སྐབས། ཆར་བབས་ནས་རི་ལམ་བདེ་མོ་མིན་སྟབས། ལིའུ་ཅེ་འགྱེལ་ནས་གྱོན་ཆས་གཤགས་ཡོད་ལ། ལུས་ལ་རྨས་ཕོག་ཡོད་མོད། འོན་ཀྱང་ཁོས་པར་ཆས་པང་ལ་བཟུང་ནས་ཡོད་པས་སྐྱོན་ཅི་ཡང་བྱུང་མི་འདུག

ཕག་མོ་བཀྲ་ཤིས་ཀྱིས་འདས་ཟིན་པར་ཕྱིར་དྲན་བྱེད་ཞོར་དུ་ང་ཚོས་ཡུལ་མི་ཚོའི་རྟ་སུམ་ཅུ་གཡར་ནས་རྡོ་ཕྱེ་སྐྱེལ་འདྲེན་བྱས་ཤིང་། ཉིན་གཅིག་གི་རིང་ལ་ང་ཚོས་ཕལ་ཆེར་རྡོ་ཕྱེ་སྤྱི་རྒྱ་བཞི་བརྒྱ་འཚོལ་བསྡུ་བྱས་ཡོད་པ་དང་། བརྙན་ཕབ་རྒྱུ་ཆ་ཡང་གསོག་ཉར་བྱེད་ཐུབ་སོང་། འདི་ནི་ང་ཚོ་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ལས་བཀུར་སྙིང་སྟོབས་རེད་ཅེས་བཤད།

ཚ་བ་ཆེ་བའི་དབྱར་ཁའམ་ཡང་ན་གྲང་ངར་ཆེ་བའི་དགུན་ཁ་གང་ཡིན་རུང་། མཚོ་བྱང་ཁུལ་རིག་གནས་ཁང་གི་ལས་བྱེད་མི་སྣ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་གཟུགས་མེད་རིག་གནས་ཤུལ་བཞག་སྔོག་འདོན་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་ཀྱིན་ཡོད་ལ།  ཁོ་ཚོས་མཚོ་བྱང་གི་རི་ལུང་ཀུན་ཏུ་རྐང་རྗེས་ཕབ་ཡོད།

རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པ་དང་། གསོ་སྦྱོང་བྱས་ནས་ཁོ་ཚོའི་རྩལ་ནུས་མཐོར་འདེགས་གཏོང་བ། རྒྱུན་འཛིན་རུ་ཁག་གི་སྟོབས་ཤུགས་བསྐྱེད་དེ། ཁོ་ཚོས་མཚོ་བྱང་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་གཞག་ཁྲོད་དུ་འགན་གཙོ་བོ་འཁུར་དུ་འཇུག་རྒྱུ་ནི་མཚོ་བྱང་ཁུལ་རིག་གནས་ཁང་གི་བྱ་བ་གལ་ཆེན་ཞིག་ཡིན། ཕག་མོ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་བྱང་ཁུལ་གྱིས་རིམ་པ་སོ་སོའི་རྒྱུན་འཛིན་པ143སྐྱེད་སྲིང་བྱས་ཡོད་དེ། དེའི་ཁྲོད་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་གཉིས་དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་བཅོ་ལྔ། ཁུལ་རིམ་པའི་རྒྱུན་འཛིན་པ་ཞེ་བདུན། རྫོང་རིམ་པའི་རྒྱུན་འཛིན་པ་དོན་དགུ་བཅས་འདུ། ལོ་རེར་རིམ་པ་སོ་སོའི་རྒྱུན་འཛིན་པའི་གསོ་སྦྱོང་ཐེངས་བརྒྱ་ལྷག་རྩ་འཛུགས་བྱས་ཤིང་། གསོ་སྦྱོང་མི་གྲངས་མི་ཐེངས་སྟོང་གཅིག་ལྷག་ཡོད།

ཕག་མོ་བཀྲ་ཤིས་ཀྱིས་ཉེ་ལམ་ང་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་སྐོར་ལྔ་པའི་སྙན་ཞུའི་བྱ་བ་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། ཁུལ་ཡོངས་ནས་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་བཅུ་དྲུག་རེ་ཞུ་བྱས་ཡོད། དེ་དང་མཉམ་དུ། ང་ཚོ་རྫོང་བཞིའི་གནའ་ཤུལ་ལ་སོང་ནས་གེ་སར་སྒྲུང་འཚོལ་བསྡུ་དག་སྒྲིག་བྱ་བ་བསྒྲུབ་རྩིས་ཡོད། གལ་ཏེ་མཐོང་ཐོས་གསར་བ་ཡོད་ན། ང་ཚོས་ཞིང་ཆེན་དང་ཁུལ་གྱི་ཆེད་མཁས་པ་གདན་ཞུ་བྱས་ནས་གཅིག་སྡུད་སྒོས་སྔོག་འདོན་བྱེད་པ་དང་། གལ་སྲིད་ཐོབ་བྱ་ཡོད་ན། མཚོ་བྱང་ཁུལ་གྱི་མིག་སྔའི་གཟུགས་མེད་རིག་གནས་ཤུལ་བཞག་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་རྒྱུ་རེད་ཟེར།

གསར་འགོད་པས་མཚོ་བྱང་ཁུལ་རིག་གནས་ཁང་གི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་སྟེགས་བུར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིས་མཛོད་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ཕྱོགས་བསྒྲིགས་སོགས་དཔེ་དེབ་དང་སྒྲ་ཕབ་རྒྱུ་ཆ་ཉིས་བརྒྱར་ཉེ་བ་མཐོང་ཞིང་། རྒྱུ་ཆ་འདི་དག་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་གང་ལེགས་བླངས་པ་གསལ་བོར་མངོན།

ཕག་མོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཟླ10པའི་ཚེས24ཉིན། མཚོ་བྱང་ཁུལ་གྱི་རིག་གནས་ཁང་ལ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཡོངས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་བ་དང་། བྱ་དགའ་ཐོབ་པ་འདིས་ང་ཚོའི་བྱ་བར་ཁས་ལེན་གང་ལེགས་མ་ཟད་ང་ཚོར་སྐུལ་ལྕག་ཚད་མེད་གནང་། ང་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པར་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་ངེས་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།