ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་སྲང་ལམ་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་གཉེར་ལས་བྱེད་པ་བསོད་དབང་ལྷ་མོ་སྔ་མོ་ནས་མཐུན་སྒྲིལ་སྡེ་ཁུལ་དུ་སླེབས་ཤིང་། སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་དུ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། དགུན་དུས་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་གསལ་འདེབས་བྱས།
འཚོ་བའི་ངེས་མཁོ་ཡོ་བྱད་ཚོང་ཁང་གི་ཚོང་བ་ཁྲིན་ཧྲི་ཞང་གིས་བཤད་རྒྱུར། དགུན་ཁར་ཚོང་ཁང་དུ་ཡོང་མཁན་མང་པོ་མེད་རུང་། ཡིན་ཡང་སྲང་ལམ་དང་སྡེ་ཁུལ་གྱི་ལས་བྱེད་མི་སྣ་ནམ་རྒྱུན་ཚོང་ཁང་དུ་ཡོང་ནས་ཁམས་འདྲི་དང་སེམས་ཁུར་བྱེད་ཀྱིན་ཡོད་པས་ངའི་སེམས་པར་དྲོད་ཀྱིས་ཁེངས། ངས་ཡུས་ཧྲུའུ་གྲོང་ཁྱེར་དུ་ལོ་ངོ་བདུན་གྱི་རིང་ལ་ཚོང་ལས་གཉེར་ཞིང་། སྐབས་དེར་དཀའ་ཁག་གང་ལ་འཕྲད་ཀྱང་སྡེ་ཁུལ་དང་སྲང་ལམ་ལས་སྒྲུབ་ཁྲུའུ་ཡིས་སེམས་ཤུགས་གང་ཡོད་བཏོན་ནས་ཐག་གཅོད་བྱེད་ངེས། དེ་ལྟར་དུས་ཡུན་རིང་བོ་འགོར་རྗེས་ང་ཚོ་གྲོགས་པོར་གྱུར་སོང་ཟེར།
ཐུབ་བསྟན་ནི་སྡེ་ཁུལ་གྱི་ཏང་ཡོན་རྒན་པ་ཞིག་ཡིན་ལ། ཁོས་བཤད་རྒྱུར། ཚང་མའི་སེམས་ཤུགས་གཅིག་ཏུ་སྡུད་དགོས་པ་དང་། བྱ་བ་ཡོད་ན་ཚང་མས་མཉམ་དུ་བསྒྲུབ་དགོས། ཏང་ཡོན་གྱིས་རང་གི་ནུས་པ་འདོན་སྤེལ་བྱས་ནས་དོན་བཟང་མཉམ་སྤྱོད་བྱེད་པ་དང་། དཀའ་ཁག་དང་ལེན་བྱེད་ཐུབ་དགོས་ཟེར། ཁྱིམ་མཚེས་བར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་པ་དང་། གད་སྙིགས་རིགས་དབྱེ་བྱ་རྒྱུ་དར་སྤེལ་གཏོང་བ་དང་སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པ། དེ་ནས་རྒན་པོ་དང་བྱིས་པ་བདག་སྐྱོང་བྱེད་པ་སོགས་བྱ་བ་གང་ཡིན་རུང་ཚང་མས་གྲོས་བསྡུར་བྱེད་ཀྱིན་ཡོད་ལ། དོན་དག་ཡོད་ན་ཚང་མས་འགན་ཁུར་བ་དང་། ཕན་ཚུན་ལ་རོགས་རམ་བྱེད་པ་ནི་མི་རིགས་སོ་སོའི་སྡོད་དམངས་ཀྱི་འགུལ་སྐྱོད་རང་རྟོགས་དང་འཚོ་བའི་གོམས་སྲོལ་དུ་གྱུར་ཡོད་ཟེར།
སྡོད་དམངས་ཀྲའོ་རའེ་ཆིན་གྱིས་བཤད་རྒྱུར། སྲང་ལམ་དང་སྡེ་ཁུལ། དེ་མིན་མི་རིགས་སོ་སོའི་སྡོད་དམངས་ཀྱི་ཐུན་མོང་ཟབ་ཞུགས་དང་འབད་བརྩོན་འོག སྡེ་ཁུལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། བགྲོད་ལམ་སྔར་ལས་སྙོམས་ཤིང་གད་སྙིགས་གང་སར་མི་འདོར་བས། ང་ཚོའི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པོ་རེད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། སྡེ་ཁུལ་གྱི་ལོ་རེར་སྲོལ་རྒྱུན་དུས་ཆེན་གྱི་བྱ་འགུལ་རྩ་འཛུགས་བྱས་ཏེ། སྡེ་ཁུལ་གྱི་མི་རིགས་སོ་སོའི་སྡོད་དམངས་མཉམ་དུ་འཛོམས་ནས་བཅུད་ལྡན་ཟས་ལ་རོལ་ཞོར་ཁ་བརྡ་བྱེད་པ་དང་རིག་རྩལ་འཁྲབ་སྟོན་ལ་བལྟ་ངེས། སྣ་མང་ཕུན་ཚོགས་ཀྱི་སྡེ་ཁུལ་བྱ་འགུལ་དེ་མི་རིགས་རིག་གནས་རྒྱུད་འཛིན་བྱེད་པ་དང་། ཁྱིམ་མཚེས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་བཅས་ཀྱི་གཅེས་ནོར་དུ་གྱུར་ཡོད།
སྡེ་ཁུལ་གྱིས་ད་དུང་འགྲོ་འོང་མི་གྲངས་ཀྱི་རྩིས་ཐོ་བཟོས་ནས། འགྲོ་འོང་མི་སྣར་གྲོགས་བསྒྲིགས་ནས་དུས་བཅད་ལྟར་བསམ་ཚུལ་བརྗེ་རེས་དང་ཁ་བརྡ་བྱས་ཏེ། འགྲོ་འོང་མི་སྣས་དཔང་ཡིག་ཐོ་འགོད་བྱེད་པ་དང་། ངལ་རྩོལ་ལས་ཞུགས་བྱེད་པ། དཀའ་ཁག་ཡོད་ན་སྐྱོབ་རོགས་བྱེད་པ། སྲིད་ཇུས་བློ་འདྲི། ཁྲིམས་ལུགས་རོགས་སྐྱོར་སོགས་ཀྱི་ཐད་ལ་ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད་ཟིན་ཐོར་བཀོད་པས། སྡོད་དམངས་གསར་བ་སྡེ་ཁུལ་གྱི་འཚོ་བར་གོམས་པར་སྟབས་བདེ་བཟོས།
མཐུན་སྒྲིལ་སྡེ་ཁུལ་དུ་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་དེ། བོད་རིགས་དང་རྒྱ་རིགས། ཧོས་རིགས། ཟ་ལར་རིགས། སོག་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་། བདེ་བར་གནས་ཤིང་མཉམ་དུ་ལས་ལ་བརྩོན་བཞིན་ཡོད།
མཐུན་སྒྲིལ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཞུས་ཝེ་ཡིས་བཤད་རྒྱུར། མཐུན་སྒྲིལ་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོར་བཟུང་ནས། མཐུན་སྒྲིལ་ཁྱིམ་གཞིས་ཀྱི་བྱ་འགུལ་སྤེལ་ས་བསྐྲུན་ཞིང་། ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། ནམ་རྒྱུན། ང་ཚོས་གནས་འདིར་ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་བྱ་འགུལ་སྤེལ་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་དཔེ་མཚོན་གྱི་བཞུགས་མོལ་ཚོགས་འདུ་སོགས་བསྡུས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པས། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་སྔར་ལས་ཇེ་ལེགས་སུ་གྱུར། དེ་མིན་མཉམ་དུ་ཀྲི་པུའུ་རྩ་འཛུགས་བྱེད་པ་དང་། མཉམ་དུ་དཔལ་ཡོན་བསྐྲུན་པ། མཉམ་དུ་འགལ་བ་ཐག་གཅོད་བྱེད་པ། མཉམ་དུ་ཞབས་འདེགས་ཞུ་བ། མཉམ་དུ་བདེ་འཇགས་ལ་དོ་སྣང་བྱེད་པ། མཉམ་དུ་བྱ་འགུལ་སྤེལ་བ་སོགས་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཞིང་བྱ་བ་མཉམ་དུ་སྒྲུབ་བཞིན་ཡོད་ཟེར།
སྐྱེ་རྒུ་སྲང་ལམ་གྱི་སྡེ་ཁུལ་སོ་སོ་མཐུན་སྒྲིལ་སྡེ་ཁུལ་དང་འདྲ་བར་མཐུན་པའི་བརྩེ་བས་ཕྱུག་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྲང་ལམ་ཡིན་པའི་ཆ་ནས། སྐྱེ་རྒུ་སྲང་ལམ་གྱིས་ཡུས་ཧྲུའུ་ཁུལ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་ལས་ཁུངས་སོ་སོའི་ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པས་མིང་ཐོ་འགོད་པ་དང་། ལས་བྱེད་པས་མང་ཚོགས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་དངོས་འབེབས་བྱས་ནས། ལས་བྱེད་པ་དང་སྡོད་དམངས་བར། སྡོད་དམངས་དང་སྡོད་དམངས་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཕན་ཚུན་རོགས་རམ་བྱེད་ཅིང་དངོས་ཡོད་དཀའ་ཁག་ཐག་གཅོད་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།
དེ་དང་མཉམ་དུ། དུས་ཆེན་སྐབས་ཀྱི་རིག་རྩལ་འཁྲབ་སྟོན་དང་། གཏམ་བཤད་འགྲན་སྡུར། ཤེས་བྱའི་འགྲན་སྡུར་སོགས་ཀྱི་བྱ་འགུལ་སྣ་མང་དང་དྲ་ངོས་ཀྱི་སྤོ་འགུལ་སྣེ་དང་ཡུལ་དངོས་ཀྱི་སློབ་སྦྱོང་ཚོགས་པའི་དྲིལ་སྒྲོག་སློབ་གསོ་སྤེལ་བ་བརྒྱུད་དེ། ཁུལ་ཁོངས་སུ་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་ལེགས་པོ་བསྐྲུན་པ་དང་། སྡོད་དམངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་རྟོགས་པར་ཤུགས་སྣོན་བྱས་ཏེ། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་།
མཛུབ་མོ་ལྔ་བཅིངས་ཁུ་ཚུར་ཟེར་བ་ལྟར། ཉེ་བའི་ལོ་འགའི་རིང་། ང་ཚོས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་པ་དང་། བྱ་འགུལ་སྣ་མང་སྤེལ་བ་བརྒྱུད་དེ་རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་མངོན་པར་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་བར་གྱི་མཛའ་བརྩེ་ཟབ་མོ་མངོན་པ་དང་། ཁོ་ཚོའི་མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྐུལ་སློང་བྱས་ཤིང་། ཚང་མས་བརྗེ་རེས་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་བས། ཁུལ་ཁོངས་སྡོད་དམངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་ལ་རྒྱུས་ལོན་བྱེད་ཚད་དང་ཟབ་ཞུགས་ཚད་སྔར་ལས་མཐོར་འདེགས་བྱུང་། དེ་ལས་གཞན། སྡོད་དམངས་རྣམས་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པར་ཁྲིད་སྟོན་བྱེད་པ་དང་། སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐངས་པ་བརྒྱུད་དེ། སྡོད་དམངས་ལ་ཕན་འབྲས་དངོས་ཐོབ་པར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་པའི་ལག་རྡང་སྦྲེལ་ནས་ཕན་ཚུན་རོགས་རམ་བྱེད་པར་ཁྲིད་སྟོན་བྱས་ཏེ། སྲང་ལམ་དེ་སྤྲོ་སྐྱིད་ལྡན་ཞིང་། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བར་དྲོད་འཁོལ་འཛོམས་པ། མི་རིགས་མཉམ་འདྲེས་ལ་ཟབ་ཚད་ཡོད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཞིབ་ཆ་ཡོད་པ། མཉམ་བསྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་བསྒྱུར་དགོས་ཞེས་སྐྱེ་རྒུ་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་འཇིགས་མེད་བསྟན་འཛིན་གྱིས་བཤད།
ལྷ་མོ་འཚོས་བསྒྱུར།