ཚན་རྩལ་ཞིང་ཁར་དྲངས་ནས་རྒྱ་སྲན་གྱི་ཐོན་འཕར་ལ་སྐུལ་འདེད་བཏང་།
2024.11.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དབྱིན་ལིས་ནས་འདེབས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་པ་ཡུས་གོ་དབྱིན་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར།  རྫས་ལུད50%ཡན་ཇེ་ཉུང་དུ་བཏང་བས་མུའུ་རེར་རྫས་ལུད་སྤྱི་རྒྱ50གྲོན་ཆུང་བྱས་པ་དང་། འདེབས་འཛུགས་ཕན་འབྲས་ལྡབ་གཅིག་འཕར་ཡོད།   མཉམ་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རྒྱ་སྲན་ཐོན་ལས་སྟེགས་བུས་ཁྱབ་གདལ་བཏང་བའི་སྐྱེ་ཁམས་ཐོན་འཕར་རྣམ་པའི་རྒྱ་སྲན་རེས་འདེབས་དཔེ་དབྱིབས་ནང་འདྲེན་བྱས་ཏེ།  ལོ་གཉིས་ཙམ་གྱི་རིང་ལ་བསྟུད་མར་འཚོལ་ཞིབ་བྱས་པ་བརྒྱུད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རྒྱ་སྲན་ཐོན་ལས་སྟེགས་བུས་སྐྱེ་དངོས་ཀྱི་ཏན་ལུད་དང་ས་ཞིང་གསོ་སྤེལ་གྱི་ནུས་པ་འདོན་སྤེལ་དང་བེད་སྤྱོད་གང་ལེགས་བྱས་པ་དང་། སྐྱེ་ཁམས་མངའ་ཁོངས་ཀྱི་ཁྱད་སྟོབས་ཐོན་ལས་ཀྱི་བཀོད་པ་མི་འདྲ་བ་ལྟར།  རྒྱ་སྲན་འདེབས་འཛུགས་དཔེ་དབྱིབས་བསྐྲུན་ཏེ། རྫས་ལུད་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་། ཞིང་ལས་ཀྱི་ཕན་འབྲས་དང་ལྷད་མེད་ཀྱི་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་བྱེད་པར་སྤྱི་འདོམས་བྱས་ནས། ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱབ་ཁོངས་གསར་པ་བཏོད་པ་དང་། སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་ཆེན་པོ་གསུམ་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱས།

ས་ཁོངས་ཅན་གྱི་བཀོད་པ་དང་སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རྒྱ་སྲན་ཐོན་ལས་སྟེགས་བུས་མཚོ་ལྷོ་ཁུལ་དུ་སྔོན་ལ་ཚན་ཞིབ་དང་ཁྱབ་གདལ། རྟེན་གཞི་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་ནས་རྒྱ་སྲན་འདེབས་འཛུགས་ལས་རིགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། དེ་དང་ཆབས་ཅིག་མཚོ་ཤར་གྲོང་ཁྱེར་ལུའོ་ཏུའུ་ཆུས་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སོགས་ནམ་ཟླའི་ཆ་རྐྱེན་ཅུང་ལེགས་པའི་རྨ་ཙོང་ས་ཁུལ་དུ་རྒྱ་སྲན་དང་སྔོ་ཚོད་ཀྱི་བསྐྱར་འདེབས་བྱེད་སྟངས་སྤྱད་པས། རྫས་ལུད་ཀྱི་ཞིང་སྨན་ཇེ་ཉུང་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་མུའུ་རེར་འདེབས་འཛུགས་ཕན་འབྲས་སྒོར་ཁྲི་ལ་བསླེབས་པ་རེད།  2021ལོར་ཞིང་ཆེན་ཡོངས་ཀྱི་རྒྱ་སྲན་འདེབས་འཛུགས་ས་ཁོངས་སུ་སྐྱེ་ཁམས་ཐོན་འཕར་རྣམ་པའི་རྒྱ་སྲན་རེས་འདེབས་དཔེ་དབྱིབས་དེ་རང་ཞིང་གི་རྫོང་ཁོངས་སོ་སོར་ཁྱབ་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རྒྱ་སྲན་ཐོན་ལས་སྟེགས་བུའི་དབུ་བཞུགས་ཆེད་མཁས་པ་ལིའུ་ཡུས་ཅའོ་ཡིས་བཤད་རྒྱུར།  རྫས་ལུད་ཉུང་གཏོང་དང་ས་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་པ་བརྒྱུད། 2024ལོར་རྒྱ་སྲན་ད་ང་སྔོ་ཚོད་བསྐྱར་འདེབས་བྱེད་སྟངས་ལ་བརྟེན་ནས། ཤར་རྒྱུད་ཞིང་ལས་ས་ཁུལ་ལུའོ་ཏུའུ་ཆུས་ཀྱི་བསྐྱར་འདེབས་སྟོན་གྲངས་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། རྫས་ལུད་སྤྱོད་ཚད50%ཡན་ཇེ་ཉུང་དུ་སོང་སྟེ་མུའུ་རེའི་འདེབས་འཛུགས་ཕན་འབྲས་སྒོར་ཁྲི་ལས་བརྒལ།  ཧུའུ་ཀྲུའུ་རྫོང་ནན་མིན་ཞ་གྲོང་རྡལ་དུ་མཚོ་སྔོན་གྱི་རྒྱ་སྲན་ཨང27པ་རྐྱང་འདེབས་བྱས་པ་ལས་མུའུ་རེ་ནས་སྒོར5000ཡན་གྱི་ཕན་འབྲས་ཐོན་ཏེ། ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དེས་ང་ཚོས་རྒྱ་སྲན་འདེབས་སྟངས་ལ་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་ཡོད།

ལས་རིགས་ཀྱི་བསྡོམས་རྩིས་ལྟར་ན། 2024ལོར་མཚོ་སྔོན་གྱི་ས་གནས་སོ་སོའི་ཐོན་མཐོའི་སྔོ་སྲན་རབ་དང་རིམ་པའི་དཔེ་སྟོན་ཁུལ་གྱི་ཐོན་ཚད་ཚང་མ་ཚད་གཞི་མི་འདྲ་བའི་སྒོ་ནས་མཐོ་རུ་ཕྱིན་ཞིང་། ཐུན་ཏེ་རྫོང་གི་སྔོ་སྲན་ཨང28པའི་ཐོན་ཚད་མཐོ་ཤོས་ཀྱིས་མུའུ་རེར་སྤྱི་རྒྱ428ཟིན་པ་དང་། ལུའོ་ཏུའུ་ཆུས་ཀྱི་སྔོ་སྲན་ཨང27པའི་ཆ་སྙོམས་ཀྱི་ཐོན་ཚད་མུའུ་རེར་སྤྱི་རྒྱ395ཟིན་པ། ཧུའུ་ཀྲུའུ་རྫོང་གི་སྔོ་སྲན་ཨང21པའི་ཐོན་ཚད་མཐོ་ཤོས་མུའུ་རེར་སྤྱི་རྒྱ370ཟིན་ཞིང་།  འཕར་ཚད10.78%ལ་སླེབས་ཡོད། ལོ་དེའི་རྒྱ་སྲན་སྐམ་པོའི་ཁྲོམ་རའི་རིན་གོང་སྤྱི་རྒྱ་རེར་སྒོར6.0ཡིན་པ་དང་། རྒྱ་སྲན་འདེབས་འཛུགས་ཀྱི་ཕན་འབྲས་ཆ་སྙོམས་ཀྱིས་མུའུ་རེར་སྒོར2000ནས3500བར་ཟིན་ཏེ།  འདེབས་འཛུགས་ཕན་འབྲས་ལ་ཐོད་བརྒལ་གསར་པ་བྱུང་ཡོད།

གཞི་གྲངས་དེ་དག་གིས་མཚོ་སྔོན་ཞིང་ཆེན་རྒྱ་སྲན་ཐོན་ལས་ཚན་རྩལ་གསར་སྐྲུན་གྲུབ་འབྲས་གཞན་སྒྱུར་སྟེགས་བུས་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་ཇུས་འགོད། གཅིག་གྱུར་དོ་དམ། གཅིག་གྱུར་ལག་བསྟར་བཅས་ཀྱི་རྩ་དོན་འོག  སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཐོན་སྐྱེད་ཁྲོད་སྤྱད་དེ་འགག་རྩའི་ལྟེ་བའི་ལག་རྩལ་ལ་ཕན་འབྲས་དངོས་ཐོན་དུ་བཅུག་པ་མཚོན་ཡོད།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་ཚན་རྩལ་སློབ་གསོ་ཁྲུའུ་ཡི་རིམ་པ་བཞི་པའི་བརྟག་ཞིབ་པ་ཧན་མེན་གྱིས་གསར་འགོད་པར་བཤད་རྒྱུར།  ལག་རྩལ་ཞིང་ཁར་དྲངས་ནས་དོན་འཁྱོལ་བྱས་ཚེ་གཞི་ནས་ཚང་མར་ཕན་པ་ཐོབ་ཐུབ་ཟེར། ཁོ་ཚོས་ཚན་ཞིབ་དང་ཁྱབ་གདལ། འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ།  ཞིང་ལས་དང་ཚན་རྩལ། ཞིབ་འཇུག་བཅས་ཕྱོགས་མང་པོ་མཐུན་སྦྱོར་ངང་ཁྱབ་གདལ་གཏོང་བའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཤིང་།  ས་གནས་ཁག་གི་ཞིང་ལས་ལག་རྩལ་ཁྱབ་གདལ་ལས་ཁུངས་ཀྱིས་སྣ་ཁ་གསར་པ་དང་ལག་རྩལ་གསར་པ།  དཔེ་དབྱིབས་གསར་པ་དེ་གཉེར་སྐྱོང་བྱེད་པོ་གསར་པ་དང་མཉམ་འབྲེལ་སྒོས་དཔེ་སྟོན་རྟེན་གཞི་བཙུགས་པ་དང་། ཡུལ་དངོས་ནས་སློབ་ཁྲིད་དང་གསོ་སྦྱོང་། ལྟ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མཚོ་ལྷོ་ཁུལ་གྱི་སྣ་ཁ་གསར་པ་གཅིག་སྡུད་དཔེ་སྟོན་དང་ཁྱབ་འགྱེད་ཁྱབ་གདལ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཆུ་ཚད་དང་ཐོན་འབབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

ཧན་མེན་གྱིས་བཤད་རྒྱུར།   གུང་ཧོ་རྫོང་གི2024ལོའི་རྒྱ་སྲན་འདེབས་ཁྱོན་མུའུ་ཁྲི1ཙམ་ནས་མུའུ་ཁྲི2ཡན་བར་འཕར་བ་དང་། འཕྲུལ་ཆས་ཅན་དུ་འགྱུར་ཚད20%ནས80%བར་མཐོ་རུ་ཕྱིན་ལ།  ལྷག་པར་དུ་འཕྲུལ་ཆས་ཅན་གྱི་མཉམ་འབྲེལ་བརྔ་བསྡུ་བྱེད་ཚད་དེ་མེད་པ་ནས80%བར་མཐོ་རུ་ཕྱིན་པ་བཅས་ནི་ང་ཚོར་མཁོ་བའི་འབྲས་བུ་ཡིན་ཟེར།

ལིའུ་ཡུས་ཅའོ་ཡིས་ཡིད་ཆེས་ཆེན་པོས་བཤད་རྒྱུར།  ང་ཚོས་སྐྱེ་ཁམས་ལྷད་མེད་དང་ལྗང་མདོག་ཐཱན་ཉུང་དམིགས་འབེན་དུ་འཛིན་པ་དང་། རྒྱུད་སྤུས་གསར་གཏོད་དང་བེད་སྤྱོད་གཙོ་བོར་འཛིན་པ། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་བཅས་ཀྱི་ཐོག་ནས་གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་སྣེ་ཁྲིད་འོག་རྒྱ་སྲན་ཐོན་ལས་འཕེལ་རྒྱས་བཏང་སྟེ།  ཚད་ཡོད་ཀྱི་ས་ཞིང་ཐོག་སྔར་ལས་མང་བའི་རིན་ཐང་བསྐྲུན་ཏེ། ཐོན་ལས་སྟོབས་ལྡན་དུ་གཏོང་བ་དང་དམངས་ཀྱི་ཡོང་སྒོ་འཕར་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།