ལས་ཤག་ཆུང་ཆུང་ནས་ཐོན་ལས་ཆེན་པོར་གྱུར་པའི་གཏམ་རྒྱུད།
2024.12.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་དགེ་ཆེན་སྡེ་བའི་ཁྱིམ་ཚང43གྱི་འབྲོག་པ171ལ་དོན་བཟང་ཞིག་ཡོད་པ་ནི།  ཚང་མས་མ་རྩ་བཞག་པའི་འཛོམས་དེའུ་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བ་དེ་རེད།

ཁེ་སྤོགས་བགོ་བའི་བྱ་འགུལ་ཡུལ་དངོས་སུ་མཉམ་ལས་ཁང་གི་ལས་འཛིན་པ་བཀྲ་རྒྱལ་གྱིས་བཤད་རྒྱུར།  ཉེ་བའི་ལོ་འགའི་རིང་ལ། མཉམ་ལས་ཁང་གིས་ཕྱུགས་ཟོག་འཚོ་བ་དང་གསོ་སྤེལ།  འཚོང་བ་གསུམ་ལ་བརྟེན་ནས། མང་ཚོགས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྣེ་ཁྲིད་པ་དང་། རིམ་བཞིན་རང་ཡུལ་གྱི་གྲོང་གསེབ་དར་སྤེལ་གྱི་སྣེ་འདྲེན་པར་གྱུར། 2024ལོར་འབད་བརྩོན་ལྷོད་མེད་བྱས་པས་མཉམ་ལས་ཁང་གིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་སྡེ་མི་རྣམས་ཀྱི་ཡོང་སྒོ་ཆེས་ཆེར་འཕར་དུ་བཅུག  ཐེངས་འདིར་བགོ་བའི་ཁེ་སྤོགས་ལ་ནོར་གནག110དང་ལུག43། མར་སྤྱི་རྒྱ665། ཆུ་ར་སྤྱི་རྒྱ670ཡོད་ལ།  དེ་དག་སྒོར་མོར་ཕབ་ན་སྒོར་འབུམ་བརྒྱད་ཁྲི་བདུན་ལྷག་ཡིན་པ་རེད།  གྲངས་ཀ་འདི་དག་ནི་མཉམ་ལས་ཁང་གིས་ཟིན་ཐོ་བསྐྲུན་པའི་གྲུབ་འབྲས་ཡིན་ལ། མཉམ་ལས་ཁང་གིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཡར་སྐུལ་བྱས་ཤིང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བའི་ནུས་པ་ལེགས་པོ་གང་ལེགས་ཀྱིས་མཚོན་པའང་ཡིན། 2024ལོའི་མཉམ་ལས་ཁང་གི་ཡོང་སྒོ་སྣ་ཚོགས་དང་འཁོར་སྐྱོད་གནས་ཚུལ། ཁེ་སྤོགས་བགོ་བའི་གྲོས་ཆོད་དང་ཁེ་སྤོགས་བགོ་བཤའི་ཞིབ་ཕྲའི་གནས་ཚུལ་བཅས་སྙན་ཞུ་ཞིབ་མོ་བྱས་པར་མ་ཟད།  ད་དུང་ཚང་མར་ཐེངས་འདིར་བགོ་བའི་ཁེ་སྤོགས་ཀྱི་སྣ་ཁ་དང་གྲངས་ཀ་ཤེས་སུ་བཅུག་པ་ཡིན་ཟེར།

བཀྲ་རྒྱལ་གྱིས་བཤད་ནས་ཚར་མ་ཐག ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་དགོད་སྒྲས་ཁེངས། དེའི་རྗེས་ཚང་མས་དགའ་སྤྲོ་ཆེན་པོས་རིམ་པ་བཞིན་ཁེ་སྤོགས་གསལ་ཐོའི་སྟེང་དུ་མིང་ཐོ་བཀོད་ཅིང་མཛུབ་རིས་མནན།

པདྨ་བཀྲ་ཤིས་ནི་མཉམ་ལས་ཁང་བཙུགས་མ་ཐག་རང་ཉིད་ཀྱི་ནོར་གནག་མཉམ་ལས་ཁང་དུ་མ་རྩར་བཞག་པའི་སྡེ་མི་ཞིག་རེད། ལོ་རེར་ཁེ་སྤོགས་བགོ་དུས་ཁོ་རང་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད།

པདྨ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་གི་སྲིད་ཇུས་ལེགས། མཉམ་ལས་ཁང་དུ་ཞུགས་རྗེས། ནོར་ལུག་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་འཚོས་པས་ང་ཚོ་ཞོར་ལས་ལ་སོང་ཆོག ལོ་མཇུག་ཏུ་ཐོན་དུས་ཁེ་སྤོགས་ཀྱང་བགོ་རྒྱུ་ཡོད་ཟེར།

2013ལོར་ཕྱི་རུ་ཚོང་གཉེར་བཞིན་པའི་བཀྲ་རྒྱལ་ཕ་ཡུལ་དགེ་ཆེན་སྡེ་བར་ཕྱིར་ལོག ལོ་ངོ་མང་པོར་འབད་བརྩོན་བྱས་པའི་ཁོར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཐོབ་ཡོད་པས། ཐེངས་དེར་ཕྱིར་ལོག་དོན་ནི་ཕ་ཡུལ་ལ་བྱས་རྗེས་ཤིག་འཇོག་བསམ་པ་རེད།

བཀྲ་རྒྱལ་གྱིས་བཤད་རྒྱུར།  སྐབས་དེར་མཉམ་ལས་ཁང་གཉེར་བའི་འདུ་ཤེས་སྐྱེས་མཁན་ཤིན་ཏུ་ཉུང་བས། ང་ཚོའི་མཉམ་ལས་ཁང་ནི་ཆུ་དམར་ལེབ་རྫོང་གི་ཐོག་མའི་མཉམ་ལས་ཁང་དུ་བརྩིས་ཆོག་ཟེར།

བཀྲ་རྒྱལ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་གྲོས་མོལ་བྱས་ཏེ། སྡེ་བའི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས་པའི་རྨང་གཞིའི་སྟེང་། གསོ་སྤེལ་ཁྱིམ་ཚང་དང་གསོ་སྤེལ་ཐོན་ཁུངས་ཧྲག་སྡེབ་བྱེད་རྒྱུ་ཐག་བཅད་པ་དང་།  ཏང་ཚན་ཆུང་དང་འཇོན་མི། མཉམ་ལས་ཁང་གི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། འཛོམས་དེའུ་ཕྱུགས་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་།  སྡེ་མི་རྣམས་མ་དངུལ་དང་རྩྭ་ས། ནོར་གནག་གསུམ་གྱི་ལམ་ནས་མཉམ་ལས་ཁང་དུ་ཞུགས་སུ་བཅུག

བཀྲ་རྒྱལ་གྱིས་བཤད་རྒྱུར།  མཉམ་ལས་ཁང་བཙུགས་མ་ཐག་ཚང་མས་ང་ཚོར་ཡིད་ཆེས་དེ་འདྲ་བྱེད་ཀྱིན་མེད་པས།  ངས་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱི་ཚན་ཁག་དང་མཉམ་དུ་མང་ཚོགས་ལ་མཉམ་ལས་ཁང་དུ་ཞུགས་རྒྱུའི་སྐུལ་སློང་བྱས་པ་ཡིན། མཐའ་མར་ཁྱིམ་ཚང25མཉམ་ལས་ཁང་དུ་ཞུགས་པ་རེད་ཟེར།

མཉམ་ལས་ཁང་གི་ཐོག་མའི་གཞི་ཁྱོན་མི་ཆེ་ལ། ཐ་ན་ལས་ཤག་ཆུང་ཆུང་དུ་བོས་ནའང་ཆོག་མོད། འོན་ཀྱང་ལས་འཛིན་པ་ཡིན་པའི་བཀྲ་རྒྱལ་ལ་མཚོན་ན་དེར་དཔའ་མ་ཞུམ་པར་སེམས་བསམ་པས་གཉེར་སྐྱོང་བྱས། མཉམ་ལས་ཁང་ལ་མྱུར་དུ་ཕན་འབྲས་ཐོན་དུ་འཇུག་ཆེད། ལོ་གཉིས་པར་བཀྲ་རྒྱལ་གྱིས་རྫོང་མཁར་དུ་ཆུ་དམར་ལེབ་ཡུལ་ཐོན་ཐོན་རྫས་ཚོང་ཁང་ཞིག་བཙུགས།  ཚང་མས་མཉམ་ལས་ཁང་གི་གྲུབ་འབྲས་མཐོང་རྗེས། དེར་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་སྲིད་པར་ཁོ་རང་ཡིད་ཆེས་ཀྱིས་ཁེངས།

2016ལོ་ནས་བཟུང་། མཉམ་ལས་ཁང་གིས་བགོས་པའི་ཁེ་སྤོགས་ལོ་རེ་ནས་ལོ་རེར་ཇེ་མང་དང་སྐད་གྲགས་ཀྱང་ཇེ་ཆེ་ཡིན་པས། མཉམ་ལས་ཁང་ལ་མ་རྩ་འཇོག་མཁན་གྱི་མང་ཚོགས་ཡང་ཇེ་མང་དུ་གྱུར།

གྲོང་གསེབ་དར་སྤེལ་གྱི་འབོད་བརྡ་བཏང་བ་དང་བསྟུན་ནས། བཀྲ་རྒྱལ་གྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་སྔར་ལས་དང་ལེན་གང་ལེགས་བྱས།

བཀྲ་རྒྱལ་གྱིས་བཤད་རྒྱུར། ང་ཚོས་འགོ་བརྩམས་པ་སྔ་བས་རྨང་གཞི་ཡོད་པ་དང་། དབུལ་ཐར་ཁྱིམ་ཚང་ལ་མཉམ་ལས་ཁང་དུ་མ་རྩ་འཇོག་ཏུ་བཅུག་ན་གནད་དོན་མེད་ཁོ་ཐག་ཡིན།   མཉམ་ལས་ཁང་རྫོང་མཁར་དང་བར་ཐག་སྤྱི་ལེ60ཡོད་ལ། དུས་ཡུན་རིང་པོར་རང་འབབ་ཆུ་དང་གློག་མེད་པས་ཧ་ཅང་སྟབས་བདེ་མིན། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ང་ཚོར་རོགས་རམ་བྱས་ཏེ་རང་འབབ་ཆུ་དང་གློག་འཐེན་པ་དང་། ད་དུང་རོགས་རམ་བྱས་ཏེ་པེ་ཅིང་གི་ཕྱིར་འཚོང་ལམ་བུ་བཙལ། ང་ཚོས་ཀྱང་གོ་སྐབས་དེ་དམ་འཛིན་བྱས་པས་མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་བྱུང་སོང་ཟེར།

དགེ་ཆེན་སྡེ་བའི་བདེ་སྐྱིད་མཚོ་མོ་ཚང་ལ་ཁྱིམ་མི5ཡོད་ལ། མོའི་ཁྱོ་ག་ནི་སི་ཁྲོན་གྱི་མི་ཞིག་ཡིན་པས་སྒོ་ཕྱུགས་དང་རྩྭ་ས་མེད། དེའི་ཁར་བདེ་སྐྱིད་མཚོ་མོའི་ལུས་ཕུང་བདེ་ཐང་མིན་པ་དང་། ཕྱི་རུ་ཞོར་ལས་ལ་འགྲོ་མི་ཐུབ་པས་བཟའ་མི་གང་བོའི་འཚོ་བར་དཀའ་ཁག་ཅུང་ཆེ་བ་རེད།

བཀྲ་རྒྱལ་གྱིས་གནས་ཚུལ་དེ་ཤེས་རྗེས་ཁོ་ཚོར་ནོར་གནག་མཉམ་ལས་ཁང་དུ་མ་རྩ་འཇོག་ཏུ་བཅུག་པ་དང་མཉམ་དུ་བདེ་སྐྱིད་མཚོ་མོའང་མཉམ་ལས་ཁང་དུ་ལས་ཀར་ཞུགས་སུ་བཅུག

བདེ་སྐྱིད་མཚོ་མོས་བཤད་རྒྱུར། མཉམ་ལས་ཁང་དུ་མ་རྩ་བཞག་པ་ནས་བཟུང་། ངེད་ཚང་ལ་ལོ་རེའི་ལོ་མཇུག་ཏུ་ཁེ་སྤོགས་ཐོབ་རྒྱུ་ཡོད་ལ། མང་དུས་སྒོར་ཁྲི་གཅིག་གཉིས་དང་ཉུང་དུས་སྒོར་སྟོང་ལྔ་དྲུག་ཡོད། ང་རང་མཉམ་ལས་ཁང་དུ་ལས་ཀར་སོང་ན་ཟླ་རེར་སྒོར2000གི་གཏན་འཇགས་ཡོང་སྒོ་ཡོད་ཟེར།

དགེ་ཆེན་སྡེ་བ་རུ་བདེ་སྐྱིད་མཚོ་མོ་ལྟར་མཉམ་ལས་ཁང་དུ་མ་རྩ་བཞག་རྗེས་འཚོ་བར་འགྱུར་ལྡོག་བྱུང་བའི་འབྲོག་པ་ད་དུང་ཤིན་ཏུ་མང་།

བཀྲ་རྒྱལ་གྱིས་བཤད་རྒྱུར། མཉམ་ལས་ཁང་གི་འཕེལ་རྒྱས་ནི་ཏང་གི་སྲིད་ཇུས་བཟང་པོ་དང་འབྲལ་ཐབས་མེད་ལ། ང་ཚོས་སྔར་ལས་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་ནས་སྤྱི་ཚོགས་ལ་དྲིན་ལན་སྔར་ལས་མང་པོ་འཇལ་རྒྱུ་དང་། མི་སྔར་ལས་མང་པོ་ཞིག་ལ་ཏང་གི་སྲིད་ཇུས་བཟང་པོ་ལས་ཐོན་པའི་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཟེར།

ལོ་ངོ་མང་པོར་འཕེལ་རྒྱས་བྱུང་བ་བརྒྱུད། འཛོམས་དེའུ་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོག་མའི་མ་དངུལ་སྒོར་ས་ཡ་གསུམ་ནས་ད་ལྟའི་སྒོར་བྱེ་བ་གཅིག་ལ་འཕར་ཡོད་ལ། གསོ་སྤེལ་ནས་ལས་སྣོན་དང་། དེ་ནས་ཕྱིར་འཚོང་གི་གཞི་གཅིག་ཅན་གྱི་ཐོན་ལས་ཕྲེང་སྦྲེལ་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་བ་དང་། ལས་ཤག་ཆུང་ཆུང་ནས་ཐོན་ལས་ཆེན་པོར་འགྱུར་བའི་ངོ་མཚར་ཀྱང་ཡོངས་འགྲུབ་བྱས་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།