གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད་དམིགས་བསལ་བཞི་རྒྱུན་འཁྱོངས་བྱེད་དགོས།
2024.12.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ནང་།  ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།   ལས་བྱེད་པ་བཀོད་སྒྲིག་ཐད་དམིགས་བསལ་གྱིས་བསམ་བློ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ཐད་དམིགས་བསལ་གྱིས་དགོས་མཁོ་སྐོང་བ།   མ་དངུལ་གཏོང་བའི་ཐད་དམིགས་བསལ་གྱིས་གན་སྲུང་བྱེད་པ། སྤྱི་པའི་ཞབས་ཞུའི་ཐད་དམིགས་བསལ་གྱིས་བཀོད་སྒྲིག་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། ས་གནས་ཀྱི་ལག་ལེན་ངོས་ནས་བརྗོད་ན། བྱེ་བྲག་གི་གྲངས་འབོར་ཅན་གྱི་དམིགས་ཚད་མེད་པས་ཚན་རིག་དང་མཐུན་པའི་སྒོ་ནས“དམིགས་བསལ་བཞི”ལག་བསྟར་བྱེད་པའི་ཕན་འབྲས་ལ་བརྡར་ཤ་གཅོད་དཀའ་བ་རེད། དེར་བརྟེན“ དམིགས་བསལ་བཞིའི”གཙོ་གནད་སྔར་ལས་འཚོལ་ཞིབ་དང་གསལ་བོ་བྱེད་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ལེགས་པོ་གཏོང་བའི་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རིན་ཐང་ལྡན་ཡོད།

ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཐད་དམིགས་བསལ་གྱིས་བསམ་བློ་གཏོང་དགོས། “ཞིང་གསུམ”ལས་བྱེད་པ་འདེམ་བསྐོ་དང་།  གསོ་སྐྱོང་། དཔྱད་ཞིབ། བཀོལ་སྤྱོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཅིག་མགྱོགས་མྱུར་ངང་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས།  ཡུལ་ཚོ་དང་གྲོང་རྡལ་དུ་བཅའ་སྡོད་བྱེད་པའི་འཐབ་ཕྱོགས་དང་པོའི“སྣེ་ཁྲིད་དམག”ལེགས་འདེམས་བྱས་ཏེ།  “ཞིང་གསུམ”ལས་དོན་གྱི་ལས་བྱེད་པ་སྔོན་ལ་ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ནང་མངགས་གཏོང་དང་། ཡུལ་ཚོ་དང་གྲོང་རྡལ་ཏང་སྲིད་ཀྱི་གཙོ་འགན་འཁུར་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྙན་སེང་ཐོ་འགོད་དོ་དམ་དང་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐད་ཀའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་ལས་བྱེད་པའི“གཅིག་ཅན་གསུམ”གྱི་དཔུང་ཁག་བཀོད་སྒྲིག་གནས་ཚུལ་ཁྱོན་ཡོངས་ལ་རྒྱུན་མཐུད་ངང་ཁྱབ་པར་སྐུལ་འདེད་གཏོང་དགོས།  སྡེ་བར་བཅའ་སྡོད་བྱེད་པའི་ལས་བྱེད་པ་དང་། སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མའི་སྡེ་དཔོན། གྲོང་གསེབ་ཀྱི་ལག་རྩལ་པ་སོགས་མི་སྣ་གསོ་སྐྱོང་དང་དོ་དམ་ལ་ཤུགས་བསྣན་ནས། ཁོ་ཚོའི་འཇོན་ཐང་དང་།  ཁྱད་ཆོས་འདོན་སྤེལ་ལེགས་པོ་བྱེད་དགོས།

རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་པའི་ཐད་དམིགས་བསལ་གྱིས་དགོས་མཁོ་སྐོང་དགོས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ལ་དམིགས་ཏེ། ཐབས་ལམ་སྣ་མང་སྤྱད་དེ་ཁྱིམ་ཚང་ཞིང་ར་དང་། ཆེད་ལས་ཁྱིམ་ཆེན། མཉམ་ལས་ཁང་། ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་ལས་ཁེ་ལས་བཅས་ཀྱི་འགན་འཁུར་བ་གསོ་སྐྱོང་ལེགས་པོ་བྱས་ནས། སྤྱོད་ཡོན་གཉིས་ལྡན་དང་མཐོ་སྒང་དུ་གཞི་ཚུགས་ཐུབ་པའི་ཁེ་ལས་པ་སྐོར་ཞིག་སྐྱེད་སྲིང་བྱས་ནས།  ཁོ་ཚོ་རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལམ་སྣེ་ཁྲིད་མཁན་ངོ་མ་ཞིག་ཏུ་འགྱུར་བར་བྱེད་དགོས། དམངས་ཁྲོད་ཀྱི་མ་རྩ་གྲོང་གསེབ་འཕེལ་རྒྱས་དང་ཞིང་པའི་ཁེ་ཕན་འབྲེལ་མཐུད་རྣམ་པའི་ལས་གཞིར་གཏོང་བར་སྐུལ་ལྕག་དང་། ཁྲིད་སྟོན། རྒྱབ་སྐྱོར་བཅས་བྱེད་པ་དང་། ལས་ཞུགས་ལ་བརྟེན་ནས་སྐུལ་ཁྲིད་དང་། ཁེ་སྤོགས་འགན་ལེན། མ་རྐང་མཉམ་ལས་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ། ཞིང་པར་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་རིན་ཐང་འཕར་བའི་ཁེ་ཕན་ལུགས་མཐུན་སྒོས་ལོངས་སྤྱོད་བྱེད་དུ་འཇུག་དགོས། གྲོང་ཁྱེར་གྱི་མ་རྩ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་གྲོང་གསེབ་ཏུ་འཁོར་སྐྱོད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་སྐྱོད་བྱེད་པ་དེ་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པར་ཁག་ཐེག་བྱེད་པ་མ་ཟད། དེའི་ཁྲོམ་རའི་བྱས་རྗེས་ལྟར་ཁེ་འབབ་བགོ་བཤའ་རྒྱག་པར་ཞུགས་པའི་ཁེ་དབང་ལ་དམིགས་ཏེ། གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་།   བྱེད་པོའི་བརྩོན་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་།   ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱེད་དགོས།

མ་དངུལ་གཏོང་བའི་ཐད་དམིགས་བསལ་གྱིས་འགན་ལེན་བྱེད་དགོས། མཚོ་སྔོན་གྱི་ས་བབ་དང་སྐྱེ་ཁམས་ཁོར་ཡུག་ཐུན་མོང་མ་ཡིན་པ་དང་། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་དང་ས་ཁོངས་འཕེལ་རྒྱས་དོ་མཉམ་མིན་པས། མ་དངུལ་གྱི་རྒྱབ་སྐྱོར་སྔར་ལས་མང་པོ་འགན་ལེན་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱེད་པ་དང་། ནོར་སྲིད་མ་དངུལ་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པའི་ཐོན་ལས་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་ཁྱད་ལྡན་ཐོན་ལས་ཕྱོགས་སུ་གཅིག་སྡུད་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་ལམ་ལུགས་མཁོ་སྤྲོད་ལ་ཤུགས་སྣོན་དང་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ། ཞིང་ཕྱུགས་ལས་གཉེར་སྐྱོང་བྱེད་པོའི་དངུལ་རྩའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་དང་།  ལམ་ལུགས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་གནད་སྨིན་ཇུས་འདོན་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲོལ་རྒྱུན་གྱི་ཞིང་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས།

སྤྱི་པའི་ཞབས་ཞུའི་ཐད་དམིགས་བསལ་གྱིས་བཀོད་སྒྲིག་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་དྲ་བ་བཟོས་ནས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ལམ་ལུགས་ཇུས་འགོད་དང་། རྩ་འཛུགས་ཀྱིས་ཁྲིད་སྟོན།  སྐུལ་ལྕག་སྒྲིག་གཞི་འཛུགས་པ།   རོང་འབྲོག་མང་ཚོགས་ཞུགས་པ། སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ལམ་ལུགས་གསར་གཏོད་དང་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། ས་གནས་ཁག་གིས་དོན་དངོས་གཞིར་བཟུང་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་ངང་་གསབ་པར་ཁྲིད་སྟོན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱས་ནས། རོང་འབྲོག་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། རྒན་གསོ། རིག་གནས་སོགས་ཞབས་ཞུའི་མཁོ་སྤྲོད་ཇེ་མང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་ལམ་ལུགས་བསྡུ་སྒྲིལ་བྱེད་པར་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི་བྱིས་པར་གཉོར་མཁན་ཡོད་པ་དང་།  སློབ་གྲྭ་འགྲོ་སར་ཡོད་པ།   ངལ་རྩོལ་ལ་ཐོབ་ཆ་ཡོད་པ།  ན་དུས་སྨན་བཅོས་ཐུབ་པ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་པ་དང་། ལག་བསྟར་ཚད་གཞི་སྔར་ལས་ཚད་ལྡན་དུ་གཏོང་བ། མཁོ་སྤྲོད་འགན་ལེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱེད་དགོས།  སྲིད་གཞུང་གིས་གཙོ་ཁྲིད་དང་སྣ་མང་ཟབ་ཞུགས་ཀྱི་ཀུན་ཕན་རང་བཞིན་གྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཀྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  ཞབས་ཞུའི་རིན་གོང་སྔར་ལས་ཐེག་ཐུབ་པ་བཅས་བྱས་ཏེ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ལེགས་པོར་སྐོང་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།