དགུན་དུས་སུ་དྲོད་འཇམ་གྱི་ཉི་འོད་དགུང་སྔོན་དབྱིངས་ནས་སྟར་ཆགས་ཀྱི་སྡོད་ཁང་གསར་པར་རབ་ཏུ་འཕྲོས། དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ཡིན་ཞིང་། མཚོ་སྔོན་པོའི་འགྲམ་གྱི་འབྲོག་པ་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱས་པའི་སྡེ་བ་གསར་པ་ཞིག་རེད།
2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཀོན་ལོ་གོང་མ་སྡེ་བར་ཕེབས་ནས་མང་ཚོགས་ལ་གཟིགས་སྐོར་དང་འཚམས་འདྲི་གནང་བ་རེད། ལོ་གསུམ་ལྷག་གི་རིང་སྡེ་བ་དེས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་པ། གསེར་རི་དངུལ་རི་བསྐྲུན་པ་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་དུ་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་བ་ཞིག་འབྲི་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་གཏོང་བར་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པའི་གཙོ་གནད་འདི་འབུར་དུ་ཐོན་པར་བྱེད་པ་དང་། མཐོ་སྒང་གི་ཁྱད་ལྡན་གསོ་སྤེལ་ལས་རིགས་དར་སྤེལ་གཏོང་བའི་བྱ་སྤྱོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་གཏོད་དགོས་ཞེས་གསུངས་ཡོད།
དཀོན་ལོ་གོང་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྐལ་བཟང་རྒྱལ་གྱི་བྱིས་དུས་ཀྱི་དྲན་ངོས་སུ་ཁོ་དང་ཕ་མ་གཉིས་རྒྱུན་དུ་རུ་སྤོར་བཞིན་ཡོད། དུས་ཚིགས་བཞི་བོར་ཕྱུགས་འཚོ་བ་དང་རུ་སྤོར་དགོས་པས་འཚོ་བར་དཀའ་ཁག་ཆེན་པོ་ཡོད། སྐལ་བཟང་རྒྱལ་གྱིས་སྐབས་དེར་ཁྱིམ་མི་ཚང་མ་སྦྲ་གུར་ནང་དུ་བསྡད་ཡོད་པས། དགུན་ཁར་གྲང་ངར་ཆེ་ལ་དབྱར་ཁར་ཆར་ཆུ་ཟགས་ཀྱིན་ཡོད་ཟེར། 2014ལོར་སྐལ་བཟང་རྒྱལ་དང་སྡེ་མི་གཞན་དག་གི་རུ་སྤོར་བའི་འཚོ་བ་མཇུག་བསྒྲིལ་ནས་རྐང་ཚ་རྫོང་མཁར་གྱི་འབྲོག་པ་གཅིག་སྡུད་གཏན་སྡོད་བྱེད་སར་གཞིས་ཆགས།
སྐལ་བཟང་རྒྱལ་གྱིས་བཤད་རྒྱུར། སྡོད་ཁང་གསར་པ་དཀར་ཆ་དོད་ལ་གཙང་སྦྲ་ལེགས་ཤིང་། སྲོལ་རྒྱུན་གྱི་སྒོ་རའི་ནང་དེང་རབས་ཀྱི་ཆུ་བཤལ་གཏོང་ཐུབ་པའི་གསང་སྤྱོད་ཡོད། དེ་མིན་བྱིས་པ་སློབ་གྲྭར་འགྲོ་བ་དང་རྒན་པ་རྣམས་སྨན་བཅོས་བྱེད་དུ་འགྲོ་བར་ཡང་ཧ་ཅང་སྟབས་བདེ་བས། འཚོ་བ་འདི་ལྟ་བུ་སྔོན་ཆད་རྨི་ལམ་དུའང་འཁོར་མྱོང་མེད་ཟེར།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་གསར་འགོད་པར་བཤད་རྒྱུར།
སྲོལ་རྒྱུན་གྱི་ཕྱུགས་ལས་ཐོན་སྐྱེད་ཐད་ཁྱིམ་ཚང་གི་གསོ་སྤེལ་བྱེད་སྟངས་སྤྱད་པས། གཞི་ཁྱོན་ཆུང་བ་དང་། མ་རྩ་མཐོ་བ། ཉེན་ཁ་འགོག་ཤུགས་ཆུང་བ་བཅས་ཀྱི་ཞན་ཆ་ཡོད། ང་ཚོས་དེང་རབས་ཀྱི་ཕྱུགས་ལས་དཔེ་སྟོན་རྟེན་གཞི་བཙུགས་ནས་ཕྱུགས་ལས་ཀྱི་ཚན་རྩལ་འདུས་ཚད་ཇེ་མཐོར་གཏོང་བ་དང་སྲོལ་རྒྱུན་གྱི་ཕྱུགས་ལས་དེ་མགྱོགས་མྱུར་ངང་དེང་རབས་ཕྱུགས་ལས་ཕྱོགས་སུ་བསྒྱུར་དགོས་ཟེར།
སྲིད་གཞུང་གི་ཁྲིད་སྟོན་རོགས་སྐྱོར་འོག 2022ལོར་སྡེ་བའི་ནང་གི་འཇོན་མི་བསོད་ནམས་དབང་ཕྱུག་གིས་འབྲོག་ཁྱིམ39དང་མཉམ་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས། ལེགས་བསྡུས་ཞིབ་གཉེར་དོ་དམ་དང་ཚན་རིག་དང་མཐུན་པའི་ངང་ཕྱུགས་ཟོག་འཚོ་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱས།
བསོད་ནམས་དབང་ཕྱུག་གིས་བཤད་རྒྱུར། 2023ལོར་མཉམ་ལས་ཁང་གི་ཡོང་འབབ་སྒོར་འབུམ་ལྔ་ཁྲི་བདུན་ལ་བསླེབས་པ་དང་། གསོ་ཁ་ནས་བུད་པའི་ལུག630དང་ནོར་ནག180ལ་བསླེབས་ཡོད་ཟེར།
གྲོང་གསེབ་དར་སྤེལ་བཏང་ན་འཇོན་མིར་བརྟེན་དགོས། ཉེ་བའི་ལོ་ཤས་རིང་། དཀོན་ལོ་གོང་མ་སྡེ་བའི་སློབ་ཆེན་པ80ལྷག་སྔ་རྗེས་སུ་སློབ་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱེད་འགོ་བརྩམས་པས། མཐོ་སྒང་གི་སྡེ་བ་འདིར་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།
2022ལོར། ལོ21ཡིན་པའི་རྡོ་རྗེ་སྐྱིད་ཕ་ཡུལ་དུ་ལོག་རྗེས་སྡེ་བ་རུ་དྲ་ཐོག་ཚོང་དོན་ལས་སྟེགས་ཤིག་བཙུགས་ནས། རྒྱལ་ཡོངས་ཀྱི་གྲོགས་པོ་ཚོར་སྡེ་བའི་ཚགས་ཤ་དང་ལུག་ཤ། ནས་ཆང་སོགས་འོས་སྦྱོར་ངོ་སྤྲོད་བྱས། རྡོ་རྗེ་སྐྱིད་ཀྱིས་བཤད་རྒྱུར། དྲ་ཐོག་ནས་མི་སྔར་ལས་མང་པོ་ཞིག་ལ་ངའི་ཕ་ཡུལ་གྱི་ཉིན་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བཞིན་པའི་རྣམ་པར་རྒྱུས་ལོན་བྱེད་དུ་འཇུག་རྒྱུའི་རེ་བ་བཅངས་ཡོད་ཟེར།
སྐལ་བཟང་རྒྱལ་གྱིས་བཤད་རྒྱུར། སྐྱེ་ཁམས་ཕྱུགས་ལས་དང་། མཚོ་སྐོར་ཡུལ་སྐོར། དྲ་ཐོག་ཚོང་དོན་བཅས་འཕེལ་རྒྱས་བཏང་བ་བརྒྱུད། ཚང་མའི་ལས་ཞུགས་གདམ་ག་ཇེ་མང་དུ་སོང་བ་དང་། མཐོ་སྒང་གི་ཁྱད་ལྡན་མི་རིགས་སྡེ་བ་ཐོག་མར་ཆགས་པ། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གྱུར་བ། འཚོ་བའི་མདུན་ལམ་སྔར་ལས་ཇེ་ཡངས་སུ་སོང་ཡོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ། རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་གསུངས་ཡོད།
ང་ཆུང་དུས་སུ་སྡེ་བའི་རྩྭ་ས་ཧ་ཅང་བཟང་། ངག་དབང་ཚེ་རིང་གིས་དེ་ལྟར་བཤད་ཞོར་དུ་གསར་འགོད་པ་ཁྱིམ་དུ་འོ་ཇ་འཐུང་བར་གདན་དྲངས། སྡེ་བའི་འདས་དོན་སྐོར་གླེང་སྐབས། ཁོས་མཚོ་སྔོན་པོའི་མཐའ་འཁོར་ནི་གནའ་སྔ་མོ་ནས་རྩྭ་ཆུ་བཟང་བའི་གནས་ཤིག་ཡིན། རྗེས་སུ་མི་གྲངས་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས་རྩྭ་ཐང་ཉམས་ཞན་དུ་འགྲོ་འགོ་བརྩམས་པ་རེད་ཟེར།
དཀོན་ལོ་གོང་མ་སྡེ་བ་ནི་མཚོ་སྔོན་པོའི་བྱང་ངོགས་སུ་ཆགས་ཤིང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད། སྡེ་མི49རྫོང་དེའི་སྐྱེ་ཁམས་ལྟ་སྲུང་པར་གྱུར་པ་དང་། ངག་དབང་ཚེ་རིང་ནི་དེའི་གྲས་ཤིག་རེད།
ངག་དབང་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། གཟའ་འཁོར་རེར་འགན་འཁུར་བས་ཡུག་ཁུལ་དུ་སྐོར་སྲུང་ཐེངས་གཉིས་ནས་གསུམ་བྱེད་ཀྱིན་ཡོད། ལྟོས་དང་། ཁོད་ཡངས་པའི་རྩྭ་ཐང་དང་དྭངས་གཙང་གི་ཆུ་མོ་ནི་ང་ཚོས་སྲུང་སྐྱོབ་བྱས་པའི་འབྲས་བུ་ཡིན། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་ཀྱང་རིམ་བཞིན་ཇེ་མང་དུ་སོང་ཡོད། རྩྭ་ཐང་གི་ཉེ་འཁོར་གང་སར་དགོ་དམར་མཐོང་རྒྱུ་ཡོད་ལ། དགོ་དམར་ནི་མཚོ་སྔོན་པོའི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན་པ་དང་། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན། མིག་སྔར་དགོ་དམར་གྱི་གྲངས་ཀ་དེ་སྲུང་སྐྱོབ་མ་བྱས་སྔོན་གྱི300ནས་ད་ལྟའི3400ལྷག་བར་ཇེ་མང་དུ་སོང་ཡོད་ཟེར།
བསོད་ནམས་ཚེ་བརྟན་གྱིས་བཤད་རྒྱུར། སྡེ་བའི་རྒྱབ་ཀྱི་རྩྭ་ཐང་དུ་ཤིང་ཁང་ཆུང་ཆུང་མང་པོ་མཐོང་རྒྱུ་ཡོད་པ་དེ་ནི་སྡེ་བས་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད་བསྐྲུན་པའི་དམངས་སྲོལ་འགྲུལ་ཁང་རེད། སྡེ་བར་ལྟ་སྐོར་དུ་ཡོང་བའི་འགྲུལ་བ་ཆེས་མང་ན་ཉིན་གཅིག་ལ་འགྲུལ་བ་བརྒྱད་སྣེ་ལེན་བྱེད་ཐུབ། ང་ཚོས་ཇི་ལྟར་བྱས་ནས་ཡུལ་སྐོར་ལས་རིགས་དང་ཕྱུགས་ལས་སྔར་ལས་མཉམ་འགུལ་ཡག་པོ་བྱས་ཏེ། སྡེ་མི་ཚོར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་པ་དང་ལས་གནས་སྔར་ལས་མང་པོ་གཏོད་པའི་ཐད་བསམ་བློ་གཏོང་བཞིན་ཡོད་ཟེར།
2021ལོར་སྤྱི་ཁྱབ་ཧྲུའུ་ཅི་དཀོན་ལོ་གོང་མ་སྡེ་བར་ཕེབས་སྐབས་འབྲོག་པ་བསོད་ནམས་ཚེ་རིང་གིས་ཁྱིམ་མི་ཡོངས་ཁྲིད་དེ་དགའ་སྤྲོ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་གདན་དྲངས་ནས་ཁོང་ལ་ལྷད་མེད་ཀྱི་ཁ་བཏགས་དཀར་པོ་ཕུལ། བསོད་ནམས་ཚེ་རིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར། འབྲོག་པའི་འཚོ་བ་སྐྱིད་པོ་དེ་ཏང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་པས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གི་ཁྱིམ་ནས་ཞལ་གྱེས་སྐབས། སྡེ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་འཕྲལ་དགའ་སྤྲོའི་ངང་ལམ་འགྲམ་དུ་ཡོང་ནས་དགའ་འབོད་བྱེད་བཞིན་དུ་འཚམས་འདྲི་ཞུས། སྤྱི་ཁྱབ་ཧྲུའུ་ཅིས“ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་ཚང་མས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཚེ། གཞི་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་མི་ཉམས་པར་བཞད་ཐུབ”ཅེས་གསུངས།
ན་ནིང་ལོ53ལ་སླེབས་པའི་ཚེ་དཔལ་རྡོ་རྗེར་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པ་དང། སྨན་རིན་གྱི་ཐད་ནས་ཁྱིམ་མིར་སེམས་ཁྲལ་ཆེན་པོ་བྱུང་མོད། འོན་ཀྱང་གཟའ་འཁོར་གཅིག་ཀྱང་མ་འགོར་བར་སྡེ་མི་ཚོས་རང་འགུལ་ངང་ནོར་ལུག་དང་མ་དངུལ་ཞལ་འདེབས་སུ་ཕུལ་ནས་ཚེ་དཔལ་རྡོ་རྗེར་རོགས་རམ་བྱས།
ཚེ་དཔལ་རྡ་རྗེས་བཤད་རྒྱུར། ཚང་མས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། རྗེས་ཕྱོགས་ངས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་ལེགས་པོ་བསྐྲུན་ནས་ཚང་མར་དྲིན་ལན་འཇལ་རྒྱུ་ཡིན་ཟེར།
ལོ3ལྷག་གི་རིང་ལ། དཀོན་ལོ་གོང་མ་སྡེ་བས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་དང་། “སྐར་རིམ་ཅན”གྱི་ཀྲི་པུའུ་འཛུགས་སྐྲུན། “ཀུན་མཐོང་ལས་གཞི”སོགས་ཀྱི་ལས་དོན་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འོམ་ཆུའི་ངོགས་སུ་རབ་ཏུ་བཞད་པར་བྱས་ཡོད།
ཟླ9བའི་ཚེས27ཉིན། བསོད་ནམས་ཚེ་བརྟན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་གྲོགས་ཚོམས་སུ“ང་དེ་རིང་ཡང་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་ཐུབ་པ་ནི་ངའི་བསོད་ནམས་རེད། ཡོད་ཚད་ལ་ཐུགས་རྗེ་ཆེ་ཞུ། རླབས་ཆེན་མེས་རྒྱལ་སྔར་ལས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ”ཞེས་བསྐུར། ཉིན་དེར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། དཀོན་ལོ་གོང་མ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང”གི་མཚན་སྙན་ཐོབ་པ་དང་། བསོད་ནམས་ཚེ་བརྟན་གྱིས་ལྗིད་ཏིག་ཏིག་གི་གཟི་བརྗིད་མཚན་སྙན་དེ་འཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག
བསོད་ནམས་ཚེ་བརྟན་གྱིས་བཤད་རྒྱུར། མི་སེམས་མཐུན་ན་ངར་ཤུགས་དེ་བས་འཕེལ་ཐུབ། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པར་བྱེད་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།