དམངས་སེམས་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ན་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་མི་འགྱངས་བར་ལེགས་འགྲུབ་ཡོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོ་ཐུབ་ངེས་རེད། ཟླ12ཚེས11ནས12ཉིན་བར་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུས་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་ཐབས་འདོན་ཇུས་འབུལ་བྱས་པ་ལས་མི་སེམས་ལ་སྐུལ་མ་ཐེབས་ཤིང་སྙིང་སྟོབས་རབ་ཏུ་འཕེལ་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་སྟེ། 2024ལོའི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ཤིང་། 2025ལོའི་དཔལ་འབྱོར་བྱ་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ནས། སང་ལོའི་དཔལ་འབྱོར་བྱ་བ་ཏན་ཏིག་གིས་ཡག་པོར་སྒྲུབ་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།
གནད་འགག་གི་དུས་སྐབས་དང་གནད་འགག་གི་ལོ་ཞིག་སྟེ། ལོ་གཅིག་གི་རིང་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། སྔོན་མཐོ་དང་། བར་དམའ། རྗེས་འཕེལ་བཅས་ཀྱི་རྣམ་པ་མངོན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ བརྟན་བརླིང་ངང་འཕེལ་རྒྱས། བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་ཟབ་སྤེལ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སེལ་ཐབས་གོ་རིམ་ལྡན་ལ་ཕན་ནུས་ལྡན་པ། དམངས་འཚོ་འགན་སྲུང་ཏན་ཏིག་དང་ནུས་ལྡན་བཅས་བྱུང་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཁོར་སྐྱོད་བརྟན་པོ་ཡིན་པ་ནས་འཕེལ་ཕྱོགས་བཟང་བའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བའི་བར་དང་། དེ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བར། རང་རྒྱལ་དཔལ་འབྱོར་གྱི“བརྟན་པོའི”རྣམ་པ་རྒྱུན་མཐུད་ངང་ནུས་ལྡན་བྱུང་བ་དང་། “ཡར་བརྩོན”གྱི་གོམ་སྟབས་བརྟན་ཞིང་ནུས་ལྡན་བྱུང་བ། “ལེགས་པའི”རྒྱུ་རྐྱེན་རིམ་བཞིན་གསོག་པ་བཅས་ལས་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡིན་པས། དུས་རབས་གསར་པའི་སྐྱོད་ལམ་གསར་པར་གསར་འབྱེད་ཡར་བརྩོན་དང་། འགག་སྒྲོལ་དཀའ་སེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་པའི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།
ལོ་གཅིག་རིང་གི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་དང་ཟང་ཟིང་གཅིག་ཏུ་འདྲེས་པ། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་བཅས་དང་། ནང་ཁུལ་གྱི་དཀའ་ཁག་ཇེ་མང་དུ་འགྲོ་བ་དང་དཔལ་འབྱོར་འཁོར་སྐྱོད་ལ་གནས་ཚུལ་དང་གནད་དོན་གསར་པ་ཁ་ཤས་ཐོན་བཞིན་ཡོད་པས། ཏང་ཀྲུང་དབྱང་གིས་གནོན་ཤུགས་དང་དཀའ་ངལ་ཁྱད་བསད་ཀྱིས་ཁ་གཏད་ནན་མོ་འཇལ་བ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ཡོད། ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་ སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་པའི་འབྲས་བུ་ཡིན་ཞིང་། དེ་ལས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་གནས་ཚུལ་འོག ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བར་ཁ་ལོ་སྒྱུར་བའི་བླ་ན་མེད་པའི་བློ་གྲོས་དང་འཇོན་ཐང་ཆེན་པོ་མཚོན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། གནད་འགག་གི་དུས་སྐབས་དང་གནད་འགག་གི་བརྒྱུད་རིམ་ཁྲོད། ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་གནང་ནས་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་མདུན་དུ་སྐྱོད་པར་འགན་ལེན་བྱས་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད།
སང་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་གྱི་ལོ་ཞིག་རེད། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་སྤུས་ཚད་མཐོན་པོས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ལེགས་སྒྲུབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། གཙོ་གནད་ལས་འགན་བཅས་གསལ་བོར་བཏོན་ཡོད། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། གོ་སྐབས་དང་འགྲན་སློང་སྟངས་འཛིན་ཡང་དག་བྱེད་པའི་རྨང་གཞིའི་ཐོག་བཏོན་པའི་ཚན་རིག་དང་མཐུན་པའི་ཇུས་འགོད་ཅིག་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ཏང་ཀྲུང་དབྱང་གིས་གནས་བབ་ལ་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།
སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པར་ངེས་པར་དུ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད་དགོས། རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་ཡིན་པ་དང་། དགེ་མཚན་མང་བ། མཉེན་ཤུགས་ལྡན་པ། གཏིང་ཤུགས་ཆེ་བ་བཅས་ཡིན་པས། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ལོ40ལྷག་གི་རིང་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་བརྒྱུད། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དགེ་མཚན་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་དགོས་མཁོའི་དགེ་མཚན། ཐོན་ལས་མ་ལག་ཚང་བའི་མཁོ་སྤྲོད་ཀྱི་དགེ་མཚན། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ཁེ་ལས་པའི་འཇོན་མི་འབོར་ཆེན་གྱི་དགེ་མཚན་བཅས་འདོན་སྤེལ་བྱས་ན། ང་ཚོར་ཉེན་ཁ་འགོག་པ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་འདེགས་སྐྱོར་བརྟན་པོ་ཡོད་པ་དང་། དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འདང་ངེས་ཡོད་པ་རེད། དཀའ་ངལ་ལ་མཐོང་ཆེན་དང་ཡིད་ཆེས་བརྟན་པོ་བྱས་ཏེ། ཕྱོགས་གང་ཅིའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་མར་བསྒྱུར་བར་འབད་བརྩོན་བྱས་ན། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་རེད།
སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པར་བརྟན་ཐོག་ཡར་འཕེལ་དང་བདེན་སྲུང་གསར་འབྱེད། སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ། མཐུན་སྦྱོར་གཞོགས་འདེགས་བཅས་རྒྱུན་འཁྱོངས་བྱེད་དགོས། མིག་སྔར། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཇེ་མང་དུ་འགྲོ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་ནི་ཐོག་མ་ཉིད་ནས་འགྱུར་ལྡོག་ཆེན་པོའི་ཁྲོད་དུ་འཕེལ་རྒྱས་བྱུང་བ་དང་ཉམས་སད་ཐེག་པའི་ཁྲོད་སྟོབས་ཆེར་གྱུར་ཡོད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་ཚན་རིག་དང་མཐུན་པའི་ཐབས་ཤེས་བེད་སྤྱོད་ཡག་པོ་བྱེད་པ། ཁྲོམ་ར་ལེགས་པོ་དང་ནུས་ལྡན་སྲིད་གཞུང་དང་། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར། འཕར་ཚད་ལེགས་གཏོང་དང་གསོག་ཐེབས་ཕན་སྒྱུར། སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེར་གཏོང་བཅས་ཀྱི་འབྲེལ་བ་གལ་ཆེན་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། གནད་འཁེལ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་སྒུལ་ཤུགས་སྣོན་པ་དང་། གསོན་ཤུགས་རྒྱས་པ། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་འགྲན་སློང་འགོག་ཟོན་དང་སེལ་ཐབས་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
ལས་སྒྲུབ་གཙོ་བོར་འཛིན་པ་དང་ཀུན་སེམས་གཅིག་ཏུ་སྒྲིལ་དགོས། རྙོག་འཛིང་ཅི་ཙམ་ཆེ་བའི་གནས་བབ་ཀྱི་མདུན་དུ་དེ་ཙམ་གྱིས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ལས་དོན་ཧུར་ཐག་གིས་བསྒྲུབས་ཏེ། འགན་འཁྲི་ལྗིད་མོ་འཁུར་བ་དང་། འགྲན་སློང་ལ་ཁ་གཏད་འཇལ་བའི་དཔའ་ངར་རྒྱུན་འཁྱོངས་བྱས་ནས། དཀའ་བ་ཁྱད་བསད་དང་བློ་བརྟན་འགྱུར་མེད་སྒོས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དོན་དངོས་དང་བསྟུན་པ་དང་བྱེ་བྲག་གི་གནད་དོན་ནས་འགོ་བརྩམས་ནས། འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་གིས་སེལ་བ་དང་འཕེལ་རྒྱས་ཀྱི་དགེ་མཚན་ཇེ་ལེགས་སུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་ཕན་ནུས་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས། དངོས་སྒྲུབ་དོན་གཉེར་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་ལས་གཅིག་སྡུད་བྱེད་དགོས།
སང་ལོའི་དཔལ་འབྱོར་བྱ་བའི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་གཏན་འཁེལ་བྱས་ཟིན་པས། ངེས་པར་དུ་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐབས་ཇུས་དང་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་བར་འགན་ལེན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།