གཡང་དཀར་ལུག་གི་འབའ་སྒྲ། འབྲོག་དམངས་སྐྱིད་པའི་དགོད་སྒྲ།
2025.01.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

 ཉེ་ལམ། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ནས་རླངས་འཁོར་ལ་བསྡད་དེ་ལམ་ལ་ཆས་པ་དང་། ལྕི་ཆུ་བརྒྱུད་དེ་དུས་ཚོད་གསུམ་ལ་སོང་མཐར།  སྡོམ་པ་ཡུལ་ཚོ་དམར་སྨད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཐོན།

མཉམ་ལས་ཁང་དུ་ཐོན་པ་ན། ཚད་ལྡན་གྱི་ལུག་གསོ་ཁང་དང་སྒྲིག་བཀོད་ཆ་ཚང་བའི་གཞུང་ལས་ཁང་མིག་ལམ་དུ་མངོན་ཞིང་། དེའི་ནང་དུ་རྩྭ་ཁང་དང་དཀྲུགས་ཆས་སོགས་གང་མཁོ་དེ་འཛོམས་རེད།  རྒྱང་རིང་ལ་བལྟས་པ་ན་ལུག་ཁྱུ་གཟན་རྩྭར་རོལ་བ་མཐོང་ལ། དྲོ་ཞིང་འཇམ་པའི་ཉི་འོད་འོག་ཏུ་གནས་དེར་བཀྲ་ཤིས་དགེ་མཚན་གྱི་རྟགས་ཤིག་ཤར་འདུག

དམར་སྨད་སྡེ་བའི་ཧྲུའུ་ཅི་དང་པོ་ཡེ་ཤེས་མཚོ་མོས་ཡིད་ཆེས་ཆེན་པོས་བཤད་རྒྱུར།   ང་ཚོའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཁོར་སྐྱོད་བྱས་པ་ཧ་ཅང་བཟང་། ད་ལྟ་ལུག1000ཡོད། ཉེ་ལམ། ང་ཚོས་ལུག200ཉོས་ཏེ་དམར་སྨད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་དེ། ཐེངས་རྗེས་མའི་ཁེ་སྤོགས་བགོ་བར་རྨང་གཞི་གཏོང་རྩིས་ཡོད་ཟེར།

དམར་སྨད་སྡེ་བ་ནི་ནང་ཆེན་རྫོང་སྡོམ་པ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ20ཡི་མཚམས་སུ་ཡོད་ལ། ཆ་སྙོམས་ཀྱི་མཚོ་འཕང་ལ་སྨི4600ཡོད།  ཉེ་བའི་ལོ་འགའི་རིང་ལ། སྡེ་བ་དེས་ཐོག་མར་ལུག་གསོས་ཏེ་ནང་ཆེན་རྫོང་དུ“ལུག་མི་འཚོ་བའི”ལོ་རྒྱུས་སྲོལ་རྒྱུན་ལས་བརྒལ་བར་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་བླངས། གྲུབ་འབྲས་དེ་ཡིས་རོང་འབྲོག་མང་ཚོགས་ལ་གྲོང་གསེབ་དར་སྤེལ་གྱི་ཕན་ཁེ་མྱོང་དུ་བཅུག་པས། གཞུག་ཕྱོགས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

2020ལོའི་ཡར་སྔོན་དུ། དམར་སྨད་སྡེ་བ་ནི་ས་དེར་མིང་དུ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་རེད། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་བསྟུན་ནས། དམར་སྨད་སྡེ་བས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཅིང་སྐྱེ་སྟོབས་ཀྱི་དཔལ་རྒྱས་འགོ་བརྩམས། སྡེ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གིས་མ་གྲོས་གཅིག་མཐུན་གྱིས་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་བསམ་བློ་བཏང་མོད། འོན་ཀྱང་ནོར་ལུག་གཉིས་ལས་གང་ཞིག་གསོ་དགོས་པའི་ཐད་ནས་གདམ་གསེས་དཀའ་མོར་འཕྲད།

2021ལོར། དམར་སྨད་སྡེ་བས་ནང་ཆེན་རྫོང་གི་ཉེ་འཁོར་རྫོང་མཁར་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་དགའ་ཡིས་བཤད་རྒྱུར།   རྟོག་ཞིབ་བྱས་རྗེས། ང་ཚོས་ནང་ཆེན་རྫོང་དུ་གཞི་ཁྱོན་ཅན་གྱི་ལུག་གསོ་མཁན་མེད་པ་དང་།  མཐའ་འཁོར་རྫོང་མཁར་དུ་གཞི་ཁྱོན་ཅན་གྱི་ལུག་གསོས་པར་ཕན་འབྲས་ཅུང་བཟང་པོ་ཐོན་ཡོད་པ་ཤེས། ང་ཚོའི་སེམས་ལ་དམར་སྨད་སྡེ་བར་ཕྱུགས་ཟོག་གསོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། ལུག་གསོ་ཡུན་ཐུང་བས་ཕན་འབྲས་མགྱོགས་པོ་ཐོན་པར་འདོད་དེ། རྫོང་དང་ཡུལ་ཚོ་སྲིད་གཞུང་ལ་དམར་སྨད་སྡེ་བས་གཞི་ཁྱོན་ཅན་གྱི་ལུག་གསོ་བའི་ཚོད་ལྟ་བྱེད་རྒྱུ་ཡར་ཞུ་བྱས་ཤིང་། ལུག་འཚོ་གསོ་བྱེད་པ་དེ་དམར་སྨད་སྡེ་བའི་ཡོང་འབབ་འཕར་སྣོན་གྱི་བྱེད་ཐབས་ཡག་པོ་ཞིག་ཏུ་འགྱུར་ཐུབ་པར་ང་ཚོར་ཡིད་ཆེས་འཕེལ་བྱུང་ཟེར།

ཕྱོགས་སོ་སོས་མཉམ་དུ་ཧུར་བརྩོན་བྱས་པ་བརྒྱུད། དམར་སྨད་སྡེ་བས་གཞི་ཁྱོན་ཅན་གྱི་ལུག་འཚོ་གསོ་བྱེད་པའི་ཚོད་ལྟའི་ལས་གཞི2021ལོའི་ཟླ12པའི་ཟླ་མཇུག་ཏུ་ལས་འགོ་བརྩམས། ལས་གཞི་དེར་ནང་ཆེན་རྫོང་ནོར་སྲིད་ཀྱིས་བསྡོམས་པས་སྦྲེལ་མཐུད་མ་དངུལ་སྒོར་ས་ཡ་གཉིས་བཏང་བ་དང་། 2023ལོའི་ཟླ1པར་ལས་གཞི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཏེ་ཐོན་སྐྱེད་བྱེད་འགོ་བརྩམས།  ཡེ་ཤེས་མཚོ་མོས་བཤད་རྒྱུར།  འབྲོག་ཁུལ་གྱི་སྲོལ་རྒྱུན་ལུག་འཚོ་སྟངས་ནི་ནམ་ཟླ་རྩུབ་མོར་འཕྲད་ན་གྱོང་གུན་ཆེན་པོ་ཐེབས་པ་ཞིག་ཡིན་པས། ང་ཚོས་ཕྱུགས་ཁང་ལས་ཤིང་ལུག་རར་ལྕགས་དྲ་བསྐོར་བ་དང་། རྩྭ་ཁང་ཕུབ་ཏེ་སྲོལ་རྒྱུན་གྱི་ལུག་འཚོ་སྟངས་བསྒྱུར། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོས་པ་བརྒྱུད། ལུག་གི་བཙོང་ཚད་ཇེ་མང་དུ་སོང་བ་དང་། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་དུ་བཅུག་པ་ཡིན་ཟེར།

བརྩོན་པ་ཅན་གྱི་དོན་དག་འགྲུབ་ཅེས་པ་ལྟར། 2023ལོའི་ཟླ10པར། དམར་སྨད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་ཚོགས་ཆེན་སྐབས་དང་པོ་དེ་སྡེ་མི་རྣམས་ཀྱི་རེ་ལྟོས་ཁྲོད་ནས་འཚོགས་འགོ་བརྩམས།

དོན་དགའ་ཡིས་སྤོབས་པ་ཆེན་པོས་བཤད་རྒྱུར།  ན་ནིང་། ང་ཚོས་ལུག250བགོས་ནས་མང་ཚོགས1000ལ་ཕན་ཁེ་ཐོབ་པ་དང་། དེའི་སྤྱིའི་རིན་ཐང་ཧ་ལམ་སྒོར་འབུམ་བདུན་ཁྲི་ལྔ་ཡིན།  མི་བཞི་རེར་ལུག་གཅིག་རེ་བགོས་ན། སྡེ་བའི་ནང་གི་ཁྱིམ་ཚང་མི་ཉུང་བ་ཞིག་ལ་ཐེངས་འདིར་བགོས་པའི་ཁེ་སྤོགས་ཀྱི་སྒོར་གྲངས་ཁྲི1ཡན་ཐོབ་ཡོད་ཟེར།

གཡུ་རྒྱལ་ནི་དམར་སྨད་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་ཞིང་།  བཟའ་མི5པོའི་འཚོ་བ་ཕྱུགས་ཟོག་ལ་བརྟེན་ཡོད། མཉམ་ལས་ཁང་བཙུགས་རྗེས། གཡུ་རྒྱལ་གྱིས་མཉམ་ལས་ཁང་དུ་བཟའ་མི་རེ་ལ་སྒོར95རེའི་མ་རྩ་བཏང་། དེའི་རྗེས་ཁོ་རང་ཉིད་མཉམ་ལས་ཁང་གི་ཕྱུགས་རྫི་བྱས།

གཡུ་རྒྱལ་གྱིས་བཤད་རྒྱུར།   བྱིས་པ་སློབ་གྲྭར་འགྲོ་བ་དང་རྒན་པ་སྨན་པར་སྟོན་པ་གང་ལའང་སྒོར་མོ་མཁོ།  སྔོན་ཆད་ངེད་ཚང་གི་ཡོང་སྒོ་སྣ་རྐྱང་ཡིན་པས་འཚོ་བར་དཀའ་ཁག་ཆེ། ད་ལྟ་མཉམ་ལས་ཁང་དུ་མ་རྩ་བཞག་པ་དང་། དེའི་ཁར་ང་རང་མཉམ་ལས་ཁང་གི་ཕྱུགས་རྫི་བྱས་ཡོད་པས་ཟླ་རེར་སྒོར3000གྱི་ཡོང་སྒོ་ཡོད་ལ། ད་རུང་ལོ་མཇུག་ཏུ་ཁེ་སྤོགས་ཐོབ་རྒྱུ་ཡོད་ཟེར།

2024ལོའི་ཟླ1པར། དམར་སྨད་སྡེ་བས་ཡང་བསྐྱར་དོན་བཟང་ཞིག་བསུས། ཡེ་ཤེས་མཚོ་མོས་བཤད་རྒྱུར།  དབུལ་ཐར་མཁྲེགས་གཏོར་བྱས་པའི་ཚུན་དུ། ཡུས་ཧྲུའུ་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡི་འབྲེལ་གཏུག་བྱེད་སའི་སྡེ་བ་ནི་ད་ལྟའི་བར་དུ་དམར་སྨད་སྡེ་བ་ཡིན། ང་ནི་སྐབས་ལྔ་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན། ད་ལོར། སྡོད་ཁང་འཛུགས་སྐྲུན་ཅུའུ་ཡི་རོགས་སྐྱོར་ལ་བརྟེན་ནས་ང་ཚོས2024ལོའི་ནང་ཆེན་རྫོང་ཤར་མདའ་ཡུལ་ཚོ་དམར་སྨད་སྡེ་བའི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་བརྩོན་ལེན་བྱས་ཤིང་། ལས་གཞི་དེར་བསྡོམས་པས་མ་དངུལ་སྒོར་ས་ཡ་བཞི་བཏང་སྟེ། འབྲོག་པ་མང་ཚོགས་ལ་གྲོང་གསེབ་དར་སྤེལ་ཁྲོད་ནས། ན་ནིང་གི་ཟླ9པའི་ཟླ་འགོར་སྤྱི་ལེ3ཡོད་པའི་ལམ་འདི་ཡོངས་སུ་སྲ་བསྒྱུར་བྱས་པ་ཡིན་ཟེར།

གསར་དུ་ལས་པའི་གཞུང་ལམ་གྱིས་འབྲོག་པ་མང་ཚོགས་ཀྱི་ལམ་གྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད་པས་ཚང་མ་ཧ་ཅང་དགའ་ཡོད།   སྡེ་མི་ཆོས་འཚོ་ཡིས་བཤད་རྒྱུར།  ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བ་ཡིན།  ཨར་འདམ་གྱི་གཞུང་ལམ་ང་ཚོའི་སྒོ་ཁར་སླེབས་ཡོད། སྔོན་ཆད་ལམ་འདིར་རྐོ་དོང་མང་བས་སོང་ན་ཤིན་ཏུ་དཀའ། ད་ལྟ་ལས་ནས་འགྲུབ་ཡོད་པས་ངོ་མ་སྟབས་བདེ་རེད་ཟེར།

ད་ལྟའི་དམར་སྨད་སྡེ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད། ལུག་འཚོ་གསོ་ཐོན་ལས་འཕེལ་རྒྱས་ཀྱིས་དཔལ་འབྱོར་གྱི་འཕར་ཚད་ལ་སྣེ་ཁྲིད་ལེགས་པོ་བྱས་ཡོད་ལ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཁེ་སྤོགས་སུ་བགོ་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས། མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་ཡོད་ལ། འབྲོག་དམངས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དང་། བདེ་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།