ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མཚོ་སྔོན་ལོ་རྡོ་རྗེ་བྲག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་སྣམ་བུ་ཐོན་སྐྱེད་རྟེན་གཞིར་ཐོན་པ་ན། འཕྲུལ་འཁོར་གྱིས་ཐག་འཐག་པའི་སྒྲ་ཞིག་རྣ་བར་ལྷུང་འོང་སྟེ། དེ་ནི་གཞས་དབྱངས་གསར་པ་ཞིག་དཀྲོལ་བ་དང་ཀུན་ནས་མཚུངས་ཤིང་། རྟེན་གཞི་རུ་དགའ་སྤྲོ་དང་བྲེལ་འཚུབ་ཀྱིས་ཁེངས་འདུག
“ལོ་གསར་བའི་ནང་ལག་འཐག་སྤུ་ཕྲུག་གྱོན་ན་ལུས་ལ་དྲོ་བར་མ་ཟད། བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཀྱང་རེད།”ཅེས་ཀུང་སིའི་འགན་འཁུར་པ་གངས་འཚོས་ཐགས་འཐག་བཞིན་དེ་ལྟར་བཤད།
“ཨ་ཅེ་ཁྱོད་ཀྱིས་བཤད་པ་བདེན་གི”ཞེས་པད་མ་ཆོས་སྒྲོན་གྱིས་ཐག་འཐག་མཚམས་བཞག་ནས་དེ་ལྟར་བཤད།
“ཉེ་ལམ་གཅན་ཚ་རྫོང་གི་ཁྲོམ་རར་ལྟ་སྐོར་བྱེད་པའི་སྐབས་སུ། སྣམ་བུས་བཟོས་པའི་བོད་ལྭ་དང་སྐེ་དཀྲིས། ཐང་གདན། རྒྱབ་ཁུག་སོགས་ཚོང་ཟོག་ནི་ཡུལ་སྐོར་པ་མང་པོས་འཕྲོག་རེས་བྱས་ནས་ཉོ་བཞིན་འདུག་ལ། དེར་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། གཞན་ལ་སྟེར་རྒྱུའི་ལེགས་སྐྱེས་ཐུན་མོང་མ་ཡིན་པ་ཞིག་ཀྱང་རེད”ཅེས་ཚང་མས་གཅིག་འཕྲོར་གཅིག་གིས་དེ་ལྟར་བཤད།
གངས་འཚོས་ད་སོ་མ་འཐག་པའི་སྣམ་བུར་ལག་པས་བྱིལ་བྱིལ་བྱེད་ཞོར“འདིའི་རྒྱུ་ཆ་ནི་ལུག་བལ་དང་ནོར་བལ་ལས་བྱས་པ་ཡིན་ཞིང་། ལག་པས་འཁལ་འཐག་བྱས་ནས་གྲུབ་པ་ཡིན། ལོ་གསར་བའི་ནང་ཚང་མས་སྣམ་བུ་ལས་བཟོས་པའི་གྱོན་ཆས་གསར་པ་དང་། བོད་ལྷམ། ཞྭ་མོ་སོགས་གྱོན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད”ཅེས་ངོ་སྤྲོད་བྱས།
སྣམ་བུའི་སྐོར་གླེང་སྐབས། གངས་འཚོས་དེ་ནི་ཨ་ཕས་ང་ལ་ཤུགས་རྐྱེན་ཐེབས་པ་ཡིན་ཟེར། ཨ་ཕ་ནི་ཁྱིམ་ཚང་གི་སྲོག་ཤིང་ཡིན་ལ། སྡེ་བའི་མི་རྣམས་ཀྱིས་བརྩི་བཀུར་ཆེན་པོ་ཐོབ་པའི་ལག་ཤེས་པ་ཞིག་ཀྱང་ཡིན། དུས་ཆེན་དང་ཡང་ན་ཁྱིམ་རྒྱུད་ཀྱི་བྱེད་སྒོ་གལ་ཆེན་རེ་སྤེལ་བའི་སྔོན་དུ། ཨ་ཕ་ནི་འཁལ་འཐག་འཕྲུལ་འཁོར་གྱི་མདུན་དུ་བྲེལ་འཚུབ་ཀྱིས་ཁེངས་ཏེ་བཟའ་མི་གང་བོར་གྱོན་ཆས་བཟོ་བའི་ཚུལ་དེ་ད་དུང་ཡང་ཡིད་ལ་རྟག་ཏུ་དྲན་སྲིད་ཅིང་། འཁལ་འཐག་གི་བལ་སྐུད་རེ་རེ་ལས་ཨ་ཕས་བཟའ་མི་གང་བོར་བཅངས་པའི་དེ་ཚོར་ཡོང་ལ། དེ་ལས་ལོ་ན་ཕྲ་བའི་གངས་འཚོའི་སེམས་སུ་སྣམ་བུ་བསླས་འཐག་ལག་རྩལ་རྒྱུན་འཛིན་བྱེད་པའི་ས་བོན་ཡང་བཏབ་ཡོད།
ཨ་ཕར་འཁལ་འཐག་ལག་རྩལ་ཕུལ་དུ་བྱུང་བ་ཞིག་ཡོད་པར་མ་ཟད། སྲོལ་རྒྱུན་གྱི་ལག་རྩལ་འདིར་སེམས་ཤུགས་ཆེན་པོ་བཅངས་ཡོད། ཁོང་གིས་གངས་འཚོར་སྣམ་བུ་ནི་བོད་མི་རིགས་ཀྱི་གྱོན་ཆས་རིག་གནས་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་ཏེ། ཨ་མའི་མངལ་ལས་སྐྱེས་པའི་དུས་ཀྱི་བང་གོས་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་གྱོན་ཆས་ཡོད་དོ་ཅོག་དང་། འཆོར་གོས་གལ་ཆེན། ད་དུང་གུར་དང་གདན་སོགས་འཚོ་བའི་མཁོ་ཆས་ཚང་མ་སྣམ་བུ་ལས་བྱས་ཤིང་། སྣམ་བུ་ནི་བོད་མི་རིགས་ཚེ་གང་བོར་འབྲལ་ཐབས་མེད་པ་ཞིག་ཡིན། སྣམ་བུར་བོད་རིགས་མང་ཚོགས་ཀྱི་འཚོ་བའི་རྟགས་མཚན་ལྡན་པར་མ་ཟད་མི་རིགས་ཀྱི་རིག་གནས་ཟབ་མོའང་འདུས་ཡོད། དེ་ནི་གོས་རས་ཤིག་ཡིན་པར་མ་ཟད། བརྩེ་དུང་གི་བཅོལ་རྟེན་དང་རིག་གནས་ཀྱི་རྒྱུན་འཛིན་ཞིག་ཀྱང་ཡིན།
སྲིང་བལ་དང་དར་གོས་སོགས་རས་གཞིས་བཟོས་པའི་བོད་གོས་དང་བསྡུར་ན། སྣམ་བུས་བཏགས་པའི་བོད་གོས་ནི་དྲོན་པོ་ཡིན་པར་མ་ཟད། མཐོ་སྒང་གི་གྲང་ངར་ཡང་འགོག་ཐུབ། སྲིང་བལ་དང་དར་གོས་ནི་འཕྲུལ་ཆས་ལ་བརྟེན་ནས་གཞི་ཁྱོན་ཆེན་པོས་ཐོན་སྐྱེད་འབོར་ཆེན་བྱེད་ཐུབ་མོད། འོན་ཀྱང་དྲོད་སྲུང་ནུས་པ་དང་རིག་གནས་ཀྱི་གདིང་གཞི་ཐད་ནས་སྣམ་བུ་དང་བསྡུར་ཐབས་མེད་པ་ཞིག་རེད།
གངས་འཚོས་བཤད་ན།“སྣམ་བུ་བསླས་འཐག་ལ་ཞིབ་ཚགས་དང་རྙོག་འཛིང་ཆེ་བའི་བཟོ་རྩལ་བརྒྱུད་རིམ་ཞིག་དགོས་ཤིང་། དེར་གྲང་འགོག་གི་ནུས་པ་གཞན་ལས་ལྷག་པ་ཞིག་ལྡན་པ་ནི། གཟུགས་འདས་རིག་གནས་ཤུལ་བཞག་འདི་ཡུན་རིང་མི་རྒུད་པའི་སྲོག་རྩ་ལྟ་བུ་ཡིན་ལ། ལོ་མང་པོར་བརྒྱུད་སྤེལ་བྱས་པར་མ་ཟད་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་རྒྱུ་ཡང་ཡིན”ཟེར།
“དུས་རྒྱུན་དུ་ལོ་སར་དང་དུས་ཆེན་སོགས་སླེབས་སྐབས་ང་ཚོས་ད་དུང་ཆེད་དུ་ཡུལ་དུས་དང་འཚམ་པའི་རི་མོ་འཐག་ཡོད་དེ། དཔེར་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ལྟ་བུ་བཏགས་ནས་ལོ་གསར་པའི་ནང་ཚང་མར་ཅི་བསམ་ཡིད་བཞིན་དུ་འགྲུབ་པ་དང་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་མཚོན་པ་ཡིན”ཞེས་གངས་འཚོས་འཛུམ་དམུལ་དམུལ་གྱིས་དེ་ལྟར་བཤད།
གངས་འཚོའི་ཨ་ཕས་བཤད་པ་ནང་བཞིན། སྣམ་བུ་བསླས་འཐག་ལག་རྩལ་ནི་མི་རིགས་རིག་གནས་ཀྱི་དངོས་པོའི་གཞི་རྟེན་ཞིག་ཡིན་པ་དང་། བསླས་འཐག་གི་ལས་རིམ་རེ་རེ་དང་ཚོན་མདོག་གི་སྡེབ་ཁ་རེ་ར། སྟེང་གི་རི་མོ་རེ་རེ་བཅས་ཚང་མར་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་མཛེས་དཔྱོད་གཅིག་ཏུ་འདུས་ཡོད་ལ། རྗེས་རབས་པ་རྣམས་ཀྱིས་དངོས་པོ་དེ་དག་བརྒྱུད་དེ་རང་མི་རིགས་ཀྱི་རིག་གནས་ཀྱི་སྲོག་རྩར་རེག་ཐུབ།
ད་དུང་སྣམ་བུ་བསླས་འཐག་ལག་རྩལ་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ནི་རིག་གནས་རྒྱུན་འཛིན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། བཟོ་རྩལ་མཁས་ཅན་རྒན་རབས་པ་རྣམས་ཀྱིས་ལག་རྩལ་དེ་ན་གཞོན་མི་རབས་ལ་བརྒྱུད་པ་ནི་ལག་རྩལ་ཁོ་ན་ཙམ་མ་ཡིན་པར། རིག་གནས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་གྱི་འདུ་ཤེས་རྒྱུན་འཛིན་བྱས་པ་ཡིན་ཏེ། མི་རིགས་ཀྱི་རིག་གནས་ལ་ལོ་ཟླའི་འཁོར་རྒྱུག་ཁྲོད་གསོན་ཤུགས་གསར་པ་བསྩལ་ཏེ། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་ལྟེ་བའི་ཕྱོགས་གནས་ཇེ་དྲག་ཏུ་བཏང་ཡོད།
ཡར་སྔོན་ཀུང་སིས་བལ་འཐག་ཁ་བཏགས་ཀྱི་ཐོན་རྫས་གསར་པ་གསར་སྤེལ་བྱས་པ་རེད། “ལོ་སར་སྐབས་སུ་ང་ཚོས་སྐུ་མགྲོན་རྣམས་ལ་བལ་གྱི་ཁ་བཏགས་ཕུལ་བ་དང་། ལུས་ལ་སྣམ་བུས་བཟོས་པའི་བོད་ལྭ་གསར་པ་གྱོན་ནས་ཚང་མས་མཉམ་དུ་གླུ་ལེན་གར་རྩེད་བྱས་པས། ཡུལ་དངོས་སུ་སྤྲོ་སྣང་གིས་རབ་ཏུ་བརྟས་སོང”ཞེས་གངས་འཚོས་རྣམ་པ་དེར་ཡང་བསྐྱར་ཕྱིར་དྲན་གྱིས་དེ་ལྟར་བཤད།
ད་ལྟ། གངས་འཚོའི་ཐོན་སྐྱེད་རྟེན་གཞི་རུ་དབུལ་ཐར་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་གྱི་ལག་ཤེས་པ40ལས་ཞུགས་བྱས་ཡོད། འདིར་ཚང་མས་དུས་ལྟར་གླ་ཕོགས་ལེན་པ་དང་ལོ་མཇུག་ཏུ་སླེབས་སྐབས་ད་དུང་ཁེ་སྤོགས་མང་པོ་སྤྲོད་ཀྱི་ཡོད། རྟེན་གཞི་དེ་སྔ་རྗེས་སུ“ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་རྟེན་གཞི”དང“ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་རྟེན་གཞི”“དབང་པོ་སྐྱོན་ཅན་གཅིག་བསྡུས་ལས་ཞུགས་རྟེན་གཞི”སོགས་ལ་བདམས་པ་དང་། གཟི་བརྗིད་དེ་དག་ནི་རྟེན་གཞིའི་ལས་དོན་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། གངས་འཚོ་སོགས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པའི་ལག་རྩལ་རྒྱུན་འཁྱོངས་བྱས་པར་བྱ་དགའ་སྤྲད་པ་ཡང་རེད།
གངས་འཚོ་དང་མོའི་ལས་གྲོགས་ཚོས་རང་ཉིད་ཀྱིས་འཐག་པ་ནི་སྣམ་བུའི་ཐོན་རྫས་ཙམ་མ་ཡིན་པར། མཛེས་སྡུག་འཚོ་བར་བཅངས་པའི་རེ་འདུན་དང་མི་རིགས་རིག་གནས་རྒྱུན་འཁྱོངས་བརྟན་སྲུང་དང་རྒྱུན་འཛིན་བྱེད་པ་ཞིག་ཡིན་པ་ཤེས་ཡོད།
རེ་བས་ཁེངས་པའི་དུས་ཚིགས་འདིར། གངས་འཚོ་དང་མོའི་ཚོགས་པས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རི་མོར་འཐག་བཞིན་ཡོད། ཁོ་མོ་ཚོའི་འབད་བརྩོན་འོག དུས་རབས་གསར་པའི་སྣམ་བུ་བསླས་འཐག་ལག་རྩལ་ལ་སྔར་ལས་འོད་འཚེར་བ་དང་མི་དེ་ལས་མང་པོར་དྲོད་སྐྱིད་དང་བདེ་སྐྱིད་སྦྱིན་ཐུབ་པའི་ཡིད་ཆེས་ཡོད།
གཡང་འབུམ་རྒྱལ་གྱིས་རྩོམ་སྒྲིག་བྱས།