ཟླ2པའི་ཚེས17ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་སྐར་མ་ཐང་སྡེ་བའི་བྲག་དམར་སྐྱེ་ཁམས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་བྲེལ་ཟིང་གི་རྣམ་པས་ཁེངས་འདུག ལས་བཟོ་པ་འབྲུག་འབུམ་གྱིས་འབྲུ་རིགས་གསར་བ་བརྩིགས་པའི་རླངས་འཁོར་ཆུང་ཆུང་ཞིག་བསྐོར་ནས་ཁྱིམ་བྱར་གཟན་ཆས་ཞིམ་པོ་ཞིག་གྲ་སྒྲིག་བྱེད་ཀྱིན་གདའ།
འབྲུག་འབུམ་གྱི་འབོད་སྐད་ཐོས་མ་ཐག་ཁྱིམ་བྱ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་འཕུར་ཡོང་སྟེ་ཁོའི་ཉེ་འཁོར་དུ་ལྡིང་སྐོར་རྒྱག་བཞིན་འདུག འབྲུག་འབུམ་གྱིས་རྒྱུས་མངའ་ཡོད་པའི་སྒོ་ནས་བྱ་གཟན་ཚང་མ་མང་ཉུང་མེད་པར་བྱིན་པ་དང་། ཁྱིམ་བྱས་དགའ་སྤྲོའི་གཤོག་པ་རྡེབ་ཀྱིན་མཆུ་ཏོ་རྣོན་པོས་མགྱོགས་མྱུར་ངང་གཟན་ཆས་ཟོས་ཤིང་། ཅང་མ་འགོར་བར། ས་ངོས་ཀྱི་གཟན་ཆས་འབྲུ་རྡོག་གཅིག་ཀྱང་ལྷག་ལུས་མེད་པར་བཏང་།
འབྲུག་འབུམ་གྱིས་བྱ་གཟན་སྟེར་ཞོར་ཁྱིམ་བྱའི་གནས་ཚུལ་ལ་མཉམ་འཇོག་བྱས། ཁོས་ལུས་སྟོབས་ཞན་པའི་ཁྱིམ་བྱར་གཟན་ཆས་མང་ཙམ་བྱིན། ཁོས་སེམས་ཞིབ་མོས་བདག་སྐྱོང་བྱས་སྟབས། ཁྱིམ་བྱའི་སྤུ་མདོག་ཡག་ལ་འོད་འཁྱུག་འཁྱུག་བྱས་པ་དང་། བྱ་ཁང་ནང་དུ་གསོན་ཤུགས་ཀྱིས་ཁེངས་འདུག
ཀྲུང་གོའི་ཆུ་གློག་ཅུའུ་བཞི་པས་མངགས་ནས་སྐར་མ་ཐང་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཞུའེ་ཅིན་གྱིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། མིག་སྔར། མཉམ་ལས་ཁང་དུ་ཁྱིམ་བྱ་སྟོང་ལྔ་ཡོད་ལ། སྐྱེ་འཕེལ་གནས་ཚུལ་ཧ་ཅང་དགའ་འོས་པ་ཞིག་རེད། ད་བར་ཁྱིམ་བྱ་མགྱོགས་པོར་འཚར་ལོངས་བྱུང་ནས་སྡེ་བའི་ཡོང་འབབ་འཕར་བར་རེ་བ་བྱེད་ཀྱིན་ཡོད་ཟེར།
དང་ཐོག་ཅིའི་ཕྱིར་ཁྱིམ་བྱ་གསོ་སྤེལ་ལས་གཞི་འདེམ་པའི་སྐོར་གླེང་སྐབས། ཞུའེ་ཅིན་གྱིས་བཤད་རྒྱུར། སྐར་མ་ཐང་སྡེ་བའི་རྩྭ་སའི་རྒྱ་ཁྱོན་ཆེ་རྒྱུ་མེད་པས། གཞི་ཁྱོན་ཆེ་བའི་སྒོ་ནས་ནོར་ལུག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་བསམ་རུང་ཆ་རྐྱེན་གྱིས་མི་འདང་། ད་རུང་མུ་མཐུད་དུ་གྲོ་དང་མ་རྨོས་ལོ་ཏོག་སོགས་སྲོལ་རྒྱུན་གྱི་ལོ་ཏོག་ལ་བརྟེན་ན། སྡེ་བའི་འཕེལ་རྒྱས་ལ་ཐོད་བརྒལ་གསར་བ་འབྱུང་དཀའ་རྒྱུ་རེད་ཟེར།
ཁང་དབྱང་གྲོང་རྡལ་ཏང་ཨུའི་སྲིད་གཞུང་གི་མགོ་ཁྲིད་འོག སྐར་མ་ཐང་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ཧྲན་ཏུང་ཞིང་ཆེན་ཅཱ་ཞང་རྫོང་ལ་སོང་ནས་རྟོག་ཞིབ་བྱས་རྗེས། ལྗང་མདོག་གསོ་སྤེལ་དེ་མགོ་རྩོམ་ས་བྱས་ནས། ནུས་ཤུགས་ཡོད་རྒུས་ཁྱིམ་བྱ་གསོ་སྤེལ་གྱི་ལས་གཞི་བསྐྲུན་པའི་ཐག་བཅད། ཁོ་ཚོས་སྐྱེ་ཁམས་ལྗང་མདོག་གསོ་སྤེལ་ཐོན་ལས་ཀྱི་འཕེལ་རྒྱས་བགྲོད་ལམ་འདིར་བརྟེན་ནས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་དེ། གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་དྲག་པོ་སྣོན་པའི་རེ་བ་བྱེད་ཀྱིན་ཡོད།
སྐར་མ་ཐང་སྡེ་བའི་ཁྱིམ་བྱ་གསོ་སྤེལ་ལས་གཞི་ནི་རེ་བའི་ས་བོན་ཞིག་དང་འདྲ་བར་སྡེ་མི་ཚོའི་སེམས་ཀྱི་ཞིང་སར་བཏབ། ལས་གཞིར་སྤྱིའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་གཅིག་དང་སྟོང་དྲུག་བཏང་བ་དང་། བྱ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་དྲུག་དང་སུམ་བརྒྱ་ཞེ་གཅིག་ཡོད།
ད་བར་གསོ་སྤེལ་རྟེན་གཞིའི་སྒྲིག་ཆས་ཆ་ཚང་ཞིང་། སྒོ་ང་གསོག་ཉར་ཁང་ཆེ་ལ་གྲ་དག་ཡིན་པས། གསར་སྐྱེས་སྒོ་ང་ཚང་མ་གོ་རིམ་ལྡན་པའི་ངང་གསོག་འཇོག་བྱེད་ཐུབ། བྱ་རར་ཁྱིམ་བྱ་རྣམས་རང་དབང་སྒོས་འགུལ་སྐྱོད་བྱེད་པའི་བར་སྟོང་ཡོད་ཕྱིར་བདེ་འཇགས་ཡིན་ལ་འགན་སྲུང་བྱེད་ཐུབ། དེ་ལས་གཞན། ཆུ་འདོན་པ་དང་དྲོད་གཏོང་བ། རླུང་རྒྱུ་བ། དུག་སེལ་བ་སོགས་ཀྱི་སྒྲིག་ཆས་ཚང་མ་ཡོད་པས། ཁྱིམ་བྱ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕྱོགས་ཡོངས་ནས་རམ་འདེགས་བྱས།
འཛུགས་སྐྲུན་གྱི་དུས་རིམ་ཐོག་མར། འབྲེལ་གཏུག་ལས་ཁུངས་ཀྲུང་གོའི་ཆུ་གློག་ཅུའུ་བཞི་པས་དཀའ་བའི་དུས་སུ་རོགས་བྱས་ནས། འཚོ་གནས་དང་ནད་འགོག་ནུས་པ་ཆེ་བའི་ཁྱིམ་བྱ་སྐོར་དང་པོ་དང་། བཅུད་ལྡན་གཟན་ཆས་ཏུན་ལྔ་བཅུ་ཉོ་བར་མ་དངུལ་སྒོར་འབུམ་གཉིས་བྱིན། ཐེངས་འདིའི་རོགས་སྐྱོར་ནི་དུས་ཐོག་ཆར་བ་བཞིན་དུ་གསོ་སྤེལ་ར་བ་བདེ་བླག་ངང་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས།
ཁྱོད་ཀྱིས་ལྟོས་དང་། ཁྱིམ་བྱ་འདིའི་མཆུ་ཏོ་སེར་ཞིང་སྡེར་མོ་ནག་ལ། ཟེ་བ་ཆེ་ཞིང་དམར་བ་དང་། རྐང་བ་སྲ་ཞིང་ལུང་ཕུང་བརྒྱགས་པས། ས་གནས་རང་གི་ཁྱིམ་བྱའི་རིགས་གཙོ་བོ་ཞིག་ཡིན། ཞུའེ་ཅིན་གྱིས་འཛད་སྤྱོད་ཁྲོམ་ར་དེ་བདེ་ཐང་དང་ལྗང་མདོག་གི་ཕྱོགས་སུ་ཚུར་སྒྱུར་བྱེད་པ་དང་། བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན་ནས་འཛད་སྤྱོད་པས་ཟས་རིགས་རྒྱུ་ཆའི་སྤུས་ཀ་དང་ཡོང་ཁུངས་ལ་སྔར་ལས་དོ་སྣང་བྱེད་པ་གསལ་བོར་རྟོགས་ཡོད།
ཞུའེ་ཅིན་གྱིས་ང་ཚོས་གནས་ཚུལ་དེ་གཞིར་བཟུང་སྟེ། ཁྱིམ་བྱ་ནགས་ཁྲོད་དུ་བཏང་ནས་གསོ་སྐྱོང་བྱེད་པ་དང་རང་བྱུང་གིས་འཚར་ལོངས་འབྱུང་བའི་སྐྱེ་ཁམས་གསོ་སྤེལ་རྣམ་པ་རྒྱུན་འཁྱོངས་བྱས་པ་ཡིན་ཟེར། ཡང་ཁོ་མོས་རྒྱང་རིང་གི་ནགས་ཚལ་ཕྱོགས་སུ་བལྟ་ཞོར་བཤད་རྒྱུར། གནས་འདིའི་རི་ལུང་ཚང་མ་ཁྱིམ་བྱ་འགུལ་སྐྱོད་བྱེད་ས་ཡིན་ལ། ཁྱིམ་བྱ་རི་ལུང་ཀུན་ཏུ་རང་དབང་གིས་འཕུར་སྐྱོད་བྱེད་ཐུབ་པ་དང་། སྤྲི་དཀར་མཐོ་བའི་འབུ་རིགས་དང་རྩྭ་འབྲུ་ཟོས་ཤིང་རྫ་ཆུ་དྭངས་མོ་འཐུང་བཞིན་ཡོད་པས། རང་བྱུང་གི་འཚར་ལོངས་འབྱུང་བའི་གོ་རིམ་ལ་བསྟུན་ཡོད་ཟེར།
སྐར་མ་ཐང་སྡེ་བའི་ཁྱིམ་བྱ་སྐྱེ་འཚར་དུས་ཡུན་ཅུང་རིང་སྟེ། རྩ་བ་ཆ་ནས་ལོ་གཉིས་ནས་ལོ་གསུམ་ཡས་མས་རེད། གསོ་སྤེལ་གྱི་བརྒྱུད་རིམ་ཧྲིལ་བོར་མཉམ་ལས་ཁང་གིས་སྤུས་ཀའི་ཚད་མཐའ་བརྟན་སྲུང་བྱས་པ་དང་། ཁྱིམ་བྱར་རང་བྱུང་ཁམས་ཀྱི་་་ལོངས་སྤྱོད་བྱེད་དུ་བཅུག་པ་ལས་གཞན། མིའི་གཟན་ཆས་སྟེར་སྐབས། མ་རྨོས་ལོ་ཏོག་དང་གྲོ། ནས། སྲན་ཆ་སོགས་ལྷད་མེད་འབྲུ་རིགས་འདེམས་པ་ལས་སྐུལ་རྒྱུ་གང་རུང་སྤྱོད་པ་གཏན་འགོག་བྱས། དེའི་སྟབས་ཀྱིས། ཁྱིམ་བྱས་འཚོ་བཅུད་འཛོམས་པའི་གཟན་ཆས་ཟས་པས། སྲ་མོ་ཡིན་ལ་ལྡད་རྒྱུ་ཡོད་པའི་ཤ་སྤུས་དག་མ་གྲུབ་ཡོད།
ཞུའེ་ཅིན་གྱིས་དེས་མི་ཚད། ཁྱིམ་བྱ་འདི་དག་གི་སྒོང་སེར་གྱི་ཁ་མདོག་ཡག་ལ་འཚོ་བཅུད་གྲུབ་ཆ་མང་པོ་འདུས་ཡོད་ཟེར་ཞོར་དུ་སྒོ་ང་གཅིག་གི་ཁ་ཕྱེ་པས། གསེར་མདོག་གི་སྒོང་སེར་ཕྱིར་ལ་བཞུར།
གསོ་སྤེལ་བརྒྱུད་རིམ་ཁྲོད། མཉམ་ལས་ཁང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་སྔར་ལས་དོ་སྣང་བྱས། བྱ་ཁྱུའི་རྟུག་པ་གཙང་སེལ་བྱས་རྗེས་ཞིང་ནང་གི་སྤུས་ལེགས་ལུད་རྫས་དུ་གྱུར་བ་དང་། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བྱས།
ཁྱིམ་བྱའི་ཟུར་སྣོན་རིན་ཐང་སྔར་ལས་ཇེ་ཆེར་གཏོང་ཆེད། ཞུའེ་ཅིན་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་བ་འཆར་འགོད་བྱེད་མགོ་བརྩམས། ཁོ་ཚོས་གློག་རྡུལ་ཚོང་དོན་སྟེགས་བུར་འབྲེལ་གཏུག་མང་པོ་བྱས་ནས། ཐད་གཏོང་དངོས་འཚོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྡེ་བའི་ཁྱིམ་བྱ་དང་ཁྱིམ་བྱའི་སྒོ་ང་ཁྲོམ་ར་སྔར་ལས་ཆེན་པོར་ཕྱིར་འཚོང་བྱེད་པའི་འཆར་གཞི་བཀོད། དེ་དང་མཉམ་དུ། སྡེ་བའི་ནང་གི་རང་བྱུང་མཛེས་ལྗོངས་ལ་བརྟེན་ཞིང་གྲོང་གསེབ་ཀྱི་ཡུལ་སྐོར་རྒྱ་བསྐྱེད་དེ། ཡུལ་སྐོར་བས་བྲོ་བ་མཆོག་གྱུར་གྱི་ཁྱིམ་བྱ་ལོངས་སྤྱོད་བྱེད་ཐུབ་པར་མ་ཟད། སྒོ་ང་འཐུ་བ་དང་ཁྱིམ་བྱར་གཟན་སྟེར་བའི་སྤྲོ་བ་མྱོང་ཐུབ།
སྐར་མ་ཐང་སྡེ་བའི་འཕེལ་རྒྱས་ནི་འཚར་ལོངས་འབྱུང་བཞིན་པའི་བྱ་ཕྲུག་ཅིག་དང་འདྲ་བར། གྲོང་གསེབ་དར་སྤེལ་གྱི་ཁོད་ཡངས་པའི་ས་གཞིའི་སྟེང་གཉོམ་ལག་རྒྱས་བཞིན་ཡོད།
ལྷ་མོ་འཚོས་བསྒྱུར།