མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གྲང་རླུང་འུར་འུར་ལྡང་ཞིང་ག་ས་གང་དུ་ཁ་བས་གཡོགས་ཡོད་མོད། འོན་ཀྱང་དེས་མི་རྣམས་ཀྱིས་ཚོང་ཟོང་ཉོ་བ་སོགས་ལ་གནོད་པ་ཅུང་ཙམ་ཡང་ཐེབས་མེད།
“བསགས་སྐར་སྒོ་རྩིས་ཁང”གིས་འབྲོག་པ་མང་ཚོགས་སྒྱིད་ལུག་ཆེ་བ་ནས་བརྩོན་པ་ཅན་དུ་བསྒྱུར་ཡོད།“མངག་ཉོ་ཞིང་ལས”ཀྱི་རྣམ་པར་བརྟེན་ནས་རྩྭ་ཐང་གི་སྐམས་ལུག་ཤ་ཧྲང་ཧའེ་ཡི་ཚོང་ཁྲོམ་དུ་འཚོང་བཞིན་ཡོད་པས། ཁྱིམ་ཚང་བརྒྱ་ཙམ་ཡོད་པའི་རྨ་ལ་བཞི་སྡེ་བའི་འབྲོག་པ་རྣམས་ཧ་ཅང་དགའ་འདུག སྡེ་བའི་ནང་གི་སྐྱེ་ཁམས་ལྟ་སྲུང་པ་རྣམས་ཀྱིས་རང་ཚང་གི་ར་སྐོར་ལ་གཙང་སྦྲ་བྱེད་དགོས་པ་ལས་གཞན། ད་རུང་དུས་ལྟར་སྐྱེ་ཁམས་ལྟ་སྲུང་ཁུལ་དུ་སོང་ནས་སྐོར་སྲུང་བྱེད་དགོས། མཉམ་ལས་ཁང་དུ་མ་རྩ་བཞག་ཡོད་པའི་སྡེ་མི་བཞི་རེ་ལྔ་རེ་མཉམ་གཅིག་ཏུ་འཛོམས་ཏེ་ལོ་གསར་པའི་ནང་གི་འཆར་གཞི་ལ་གྲོས་སྡུར་བྱེད་བཞིན་ཡོད།
སྔོན་ཆད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ལོ་ངོ་བཅུ་ལྷག་ལ་ཁུར་ཞིང་ད་ལྟ་ལས་རྐང་ནས་ངལ་གསོས་ཡོད་པའི་རབ་རྒྱས་ཀྱིས་ཁོས་ཉར་ཡོད་པའི་རྩིས་ཐོ་ཡར་བླངས་པ་དང་། དེའི་སྟེང་ལོ་ངོ་བཅུའི་ཡར་སྔོན་དུ་སྡེ་བའི་ཐུན་མོང་ཡོང་སྒོ་སྒོར་ཁྲི་ལྔ་ལའང་མི་སླེབས་པ་བཀོད་ཡོད་ལ། དེ་ནས2024ལོའི་སྡེ་བ་ཐུན་མོང་གི་ཡོང་སྒོའི་རྩིས་ཐོ་སློག་པ་ན། “བསྡོམས་པས་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་གཅིག་བླངས་པ་དང་མ་དངུལ་སྒོར་འབུམ་བརྒྱད་ཁེ་སྤོགས་སུ་བགོས་ལ། ཁྱིམ་ཚང་རེར་ཆ་སྙོམས་སུ་ཁེ་སྤོགས་སྒོར་སྟོང་བརྒྱད་རེ་བགོས”ཞེས་བཀོད་ཡོད། གོང་འོག་གཉིས་ཀ་བསྡུར་ན་རྨ་ལ་བཞི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས། “སྔོན་ཆད་ཀྱི་སྡེ་བ་ནི་ཉིན་རྒྱུན་རྩྭ་ཐང་དུ་ཉི་མ་ལྡེ་བའི‘སྒྱིད་ལུག་ཅན’ཞིག་དང་འདྲ།”རབ་རྒྱས་ཀྱིས་བལྟས་ན་ད་ལྟའི་རྨ་ལ་བཞི་སྡེ་བ་ནི་སྔོན་ཆད་ཀྱི་སྒྱིད་ལུག་ཅན་དེ་མིན་པར་ཚང་མས་ཐབས་བརྒྱ་ཇུས་སྟོང་གིས་མཛེས་སྡུག་གི་འཚོ་བར་འབད་པའི“སྡེ་གསར”ཞིག་ཏུ་གྱུར་ཡོད་པ་རེད།
“ཨ་མ་ལགས། ད་རུང་ཕྱིར་བསྣུར་བྱས་ཆོག”འབྲོག་མོ་རིན་ཆེན་སྒྲོལ་མས་བྱིས་པ་གཉིས་ཀྱི་བཀོད་འདོམས་འོག་རང་ཚང་གི་རླངས་འཁོར་ར་སྐོར་ནང་དུ་འཇོག་བཞིན་ཡོད། རིན་ཆེན་སྒྲོལ་མ་ནི་སྔོན་ཆད་གཞན་ལ་ཕྱུགས་ཟོག་འཚོས་ནས་འཚོ་བ་རོལ་ཐབས་བྱས་པའི་འབྲོག་མོ་ཞིག་ཡིན་ལ། མོ་ནི་ཟླ་གཅིག་ལ་སྒོར་སྟོང་གཅིག་ཀྱང་མི་ལོན་པ་ནས་ཟླ་གཅིག་ལ་ཡོང་སྒོ་སྒོར་སྟོང་གསུམ་ཡན་ཡོད། ད་ལྟ་བྱིས་པ་གཉིས་ཀྱི་ཨ་མར་གྱུར་ཡོད་ལ། ཁོ་མོས་ཁྱིམ་ཚང་གི་བདེ་སྐྱིད་རོལ་མྱོང་བྱེད་བཞིན་པ་དང་མཉམ་དུ། བརྩོན་པ་ནི་མི་ཚེའི་རིན་ཐང་ཆེས་ཆེ་བ་དེ་ཡིན་པ་གསལ་པོར་ཤེས་ཡོད།
རིན་ཆེན་སྒྲོལ་མས་བཤད་རྒྱུར། “ཞབས་ཞུ་པ་བྱས་མྱོང་ལ་ཇ་མའི་ལག་རོགས་ཀྱང་བྱས་མྱོང་། ད་ལྟ་བློ་སེམས་རྩེ་གཅིག་གིས་སྒོར་མོ་འཚོལ་བཞིན་ཡོད།”རིན་ཆེན་སྒྲོལ་མ་ལག་རྩལ་གསོ་སྦྱོང་ལ་ཞུགས་པ་བརྒྱུད་ནས། གསོལ་ཁང་གི་ཞབས་ཞུ་དང་བཟའ་བཏུང་གི་གུས་ལུགས། ཟ་མའི་གཡོས་སྦྱོར་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་ཡོད། ལོ་ངོ་ལྔའི་རིང་ལ། མགྲོན་ཁང་དང་གསོལ་ཁང་དུ་གླ་བརྒྱབ་པ་ཡིན། 2024ལོར། རིན་ཆེན་སྒྲོལ་མ་དང་མོའི་ཁྱོ་ག་གཉིས་ཀྱིས་དངུལ་ཁང་དུ་སྒོར་འབུམ་གཅིག་ཙམ་གསོག་ཐུབ་པར་གྱུར། “བསགས་དངུལ་མང་བས། ད་ལོ་སྒོ་རྩིས་ཁང་ཆུང་ཆུང་ཞིག་གམ་ཡང་ན་བོད་ཟས་ཁང་ཞིག་གཉེར་རྩིས་ཡོད་ལ། རང་ཉིད་སྦྱིན་བདག་བྱེད་འདོད་ཡོད”ཟེར།
རབ་རྒྱས་ཀྱིས་གསར་འགོད་པར་བཤད་རྒྱུར། རྨ་ལ་བཞི་སྡེ་བའི་ནང་དུ་བརྩོན་པར་གོམས་པ་ནི་རིན་ཆེན་སྒྲོལ་མ་གཅིག་པུ་མིན་ལ། “སྲིད་གཞུང་གིས་སྲིད་ཇུས་བཟང་པོ་བཏོན་ནས། ཚང་མར་ཐོན་ལས་ཀྱི་རོགས་སྐྱོར་བྱེད་ཀྱིན་ཡོད། ཚང་མས་སྒྲུབ་པ་བཟང་མིན་དེ་སྡེ་བའི་ནང་གི་རླངས་འཁོར་ཇེ་མང་དུ་འགྲོ་བཞིན་པ་ལས་ཤེས་ཐུབ།”ལོ་ངོ་བཅུའི་ཡར་སྔོན་དུ་སུ་ཚང་ལ་རླངས་འཁོར་ཡོད་ན་དེ་ཚང་ལ་སྒོར་མོ་ཡོད་པའི་རྟགས་ཡིན་ལ། 2024ལོར་སྡེ་བ་ཧྲིལ་པོའི་ཁྱིམ་ཚང་རེ་རེར་རླངས་འཁོར་ཡོད་ལ། དེའི་ནང་གི་ཆེས་ཞན་པའང་ལག་བརྒྱུད་རླངས་འཁོར་སོ་མའི་རིགས་རེད་ཟེར།
སྔོན་ཆད་གོམས་གཤིས་སུ་གྱུར་ཡོད་པའི་སྒྱིད་ལུག་གི་རྣམ་པ་དེ་ད་ལྟ་སྡེ་མི་རྣམས་ཀྱིས་འཕྱ་དམོད་བྱ་ཡུལ་དུ་གྱུར་ཡོད་པས། སྡེ་བ་ཧྲིལ་པོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
རྨ་ལ་བཞི་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀོ་ལུའུ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ནས་བཤད་རྒྱུར། 2024ལོར། རྨ་ལ་བཞི་སྡེ་བའི་ཁྱིམ་ཚང98ཀྱི་སྡེ་མི་རྣམས་སྡེ་བ་ཐུན་མོང་གི་འཛུགས་སྐྲུན་བྱ་འགུལ་སྣ་ཚོགས་ཐེངས336ལ་ཞུགས་པ་དང་། བསྡོམས་པས་བསགས་སྐར་སྒོར་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ་བླངས། སྡེ་མི་རྣམས་ཀྱིས་བསགས་སྐར་དེ་དག་ཚོང་རྫས་རིགས3700ལྷག་ལ་བརྗེས། “འདི་དག་ནི་ཕྱི་ཚུལ་གྱི་འགྱུར་ལྡོག་ཙམ་ཡིན་ལ། འགྱུར་ལྡོག་ངོ་མ་ནི་རྒྱུད་ལ་སྐྱེས་ཡོད་པའི་སྒུལ་ཤུགས་དེ་རེད”ཟེར།
2024ལོར་འབྲོག་ལུག700དང་ནོར་གནག36ཡོད་པ་ཚང་མ་བཙོང་། སྡེ་བས་བསྐྲུན་པའི“མངག་ཐོ་ཞིང་ལས”ཀྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཧྲང་ཧའེ་རུ་བཙོང་བས། རྨ་ལ་བཞི་སྡེ་བར་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ས་ཡ་གཅིག་ལྷག་ཐོབ། སྡེ་མི་གསལ་བྷོ་ཚང་ལ་ཁེ་སྤོགས་སྒོར་ཁྲི་གསུམ་ཐོབ་པས། 2024ལོའི་ཐོན་ལས་ཁེ་སྤོགས་ཐོབ་པ་ཆེས་མང་པོ་རུ་གྱུར། གསལ་བྷོ་ཡིས་ཚན་རིག་གསོ་སྤེལ་གྱི་ལག་རྩལ་བསླབས་ནས་ད་ཡོད་ཐོན་ཁུངས་ཀྱི་རིན་ཐང་ཆེ་ཤོས་འདོན་སྤེལ་བྱེད་རྒྱུའི་འཆར་གཞི་ཡོད། “ད་ལོར་ཡང་མ་མོའི་ལུ་གུ་རྩེབས་ཚད་དང་གསོན་ཚད་ཐབས་བརྒྱ་ཇུས་སྟོང་གིས་ཇེ་མཐོར་བཏང་སྟེ་མངག་ཉོ་མང་པོ་འབྱོར་དུ་འཇུག་རྒྱུ་ཡིན”ཟེར།
སློབ་ཆེན་པ་རྟ་མགྲིན་སྐྱིད་ཚང་ལ་ལོ་མཇུག་གི་ཁེ་སྤོགས་སྒོར་སྟོང་བརྒྱད་ལྷག་བགོས། “ནོར་ལུག་རྩྭ་ཐང་དུ་འཚོ་བཞིན་པ་འདྲ་འདྲ་ཡིན་ནའང་། ཁོ་ཚོའི་ནོར་ལུག་ལ་ཤ་ཤེད་རྒྱས་ཏེ་ཡོང་སྒོ་མང་པོ་ལེན་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།”དགུན་གནང་བཏང་ནས་ཕ་ཡུལ་དུ་ལོག་ཡོད་པའི་རྟ་མགྲིན་སྐྱིད་ལ་བློ་འདྲི་བྱེད་བསམ་ཡོད་མོད། འོན་ཀྱང་མོའི་ཨ་ཕས་ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུའི་ཆེད་ལས་བསླབ་པའི་རྟ་མགྲིན་སྐྱིད་ལ་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་འདོན་རྒྱུ་མེད་པ་ཤེས་ཏེ། བྱིས་པ་གཞན་ཞིག“ནོར་ལུག་གསོ་སྤེལ་ཆེད་ལས་སློབ་པའི་སློབ་ཆེན་པ་རུ་གསོ་སྐྱོང་བྱེད་རྒྱུའི”བསམ་ཚུལ་སྐྱེས།
ལས་ཞུགས་ལས་སྐྲུན་བྱས་ཏེ་ཡོང་སྒོ་ལེན་པ་ནས་སྡེ་བའི་ཐུན་མོང་ཐོན་ལས་ཀྱི་འཕེལ་རྒྱས་ལ་རང་འགུལ་གྱིས་ཞུགས་པའི་བར་དང་། དེ་ནས་ཚན་རིག་ལག་རྩལ་དང་སློབ་གསོར་དོ་སྣང་བྱེད་འགོ་བརྩམས་པའི་བར། རྨ་ལ་བཞི་སྡེ་བའི་བརྩོན་སེམས་ཀུན་ནས་བསླངས་ཡོད། 2024ལོར་ཕྱིར་བལྟ་བྱས་ན། རྨ་ལ་བཞི་སྡེ་བའི་སྡེ་མི་རྣམས་ཀྱིས་གླ་རྒྱག་པ་མིན་ན་ལས་སྐྲུན་གྱི་ལམ་དུ་ཞུགས་ཡོད། མང་ཚོགས་རང་ཉིད་ལ་ཡོད་པའི་སྐམས་ཤ་དང་ལུག་ཤར་ཡིད་ཚིམས་ནས་མ་བསྡད་པར། ད་རུང་འོ་མའི་ཐོན་རྫས་ལས་སྣོན་བྱས་ཏེ་ནོར་གནག་གི་རིན་ཐང་ཆེས་ལེགས་པོ་འདོན་སྤེལ་བྱེད་རྒྱུའི་སེམས་ཐག་བཅད་ཡོད། “གྱོང་གུན་ཡོད་ཚད་རིག་གནས་མེད་པའི་རྐྱེན་གྱིས་བཟོས་པ་ཡིན་པས།”མི་རབས་རྗེས་མ་རྣམས་རྒན་རབས་པའི་ལམ་དུ་ཞུགས་སུ་མི་འཇུག་པའི་ཆོད་སེམས་ཡོད་པའི་སྡེ་མི་ཚོས་སློབ་ཆེན་པ་ཞིག་སྐྱེད་སྲིང་བྱེད་པ་ནི་གཟི་བརྗིད་དུ་བརྩིས་ཡོད་པས། 2024ལོར་སྡེ་བ་ཧྲིལ་པོའི་མཐོ་འབྲིང་སློབ་མ་བརྒྱད་པོ་ཚང་མ་མཐོ་རྒྱུགས་སུ་ཞུགས།
འདི་ལྟར་མི་རབས་ནས་མི་རབས་སུ་ཧུར་བརྩོན་བྱས་ན། རྗེས་ཕྱོགས་ཀྱི་རྨ་ལ་བཞི་སྡེ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཁོ་ཐག་རེད། དད་མོས་འདི་རྨ་ལ་བཞི་སྡེ་བའི་སྡེ་མི263གྱི་སེམས་ཀྱི་གཏིང་སར་ཟུག་ཡོད་ལ། མཚོ་འཕང་སྨི4300ཡོད་པའི་མཐོ་སྒང་གི་སྡེ་བ་དེས་མ་འོངས་པར་རེ་བ་ཆེན་པོ་བཅངས་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།