དཔྱིད་དུས་ཀྱི་ཉི་འོད་དྲོན་མོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་གྲམ་པ་ནང་སྡེ་བར་འཕྲོས་མ་ཐག སྡེ་མི་རྣམས་ཀྱིས་སྔ་མོ་ནས་ནངས་ཇ་འཐུང་རྗེས། རེ་རེ་བཞིན་ཁྱིམ་ནས་བུད་དེ་ཞིང་ཁར་སོང་། སྡེ་སྡོད་ཧྲུའུ་ཅི་དང་པོ་ཀུའོ་ཡུས་ཞིན་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མཉམ་དུ་འཆར་འགོད་དང་རྩ་འཛུགས་བྱས་ཏེ། ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གཞན་དང་མི་མཚུངས་པ་ཞིག་རྩ་འཛུགས་བྱེད་རྒྱུ་ཐག་བཅད། “སྲིད་ཇུས་དྲིལ་སྒྲོག་དང་ཐོན་ལས་ལ་སྐུལ་འདེད། ལས་ཞུགས་ལ་སྐུལ་འདེད། བརྟན་བརླིང་ལ་སྐུལ་འདེད”བཅས་བྱས་པ་བརྒྱུད་དེ། གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཞིང་། གྲོང་གསེབ་ཡར་རྒྱས་བརྟན་བརླིང་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་།
ཀུའོ་ཡུས་ཞིན་གྱི་ལག་ཏུ་སྲིད་ཇུས་ཀྱི་ཡིག་ཆ་སྣ་ཚོགས་བཟུང་སྟེ། སྐད་གསང་མཐོན་པོས“ཡུལ་མི་རྣམ་པ། ཚང་མས་འདུག་ས་ཞིག་བཙལ་ནས་སྡོད་དང་། དེ་རིང་ངས་ཚང་མར་གཏམ་བཟང་མང་པོ་ཁྱེར་ནས་ཡོང་ཡོད”ཅེས་བཤད།
སྡེ་མི་ཞིག་གིས་སེམས་ཀྱི་བྲེལ་སྣང་མ་གནོན་པར “ཧྲུའུ་ཅི། དཔྱིད་ཀའི་རྨོ་འདེབས་ཀྱི་དུས་ལ་ཉེ་བས། ད་ལོའི་ས་བོན་དུས་ལྟར་སྟེར་ཐུབ་བམ”ཞེས་དྲིས་བྱུང་།
ཀུའོ་ཡུས་ཞིན་གྱི་གདོང་ལ་འཛུམ་གྱིས་ཁེངས་ནས“ཨ་ཁུ། ཁྱེད་ཀྱི་སེམས་བདེ་མོ་བྱོས། ས་བོན་སྔ་མོ་ནས་བཀོད་སྒྲིག་བྱས་ཡོད། རྫོང་ཞིང་ཕྱུགས་ཅུའུ་ཡིས་བཀོད་གཏོང་བྱེད་བཞིན་འདུག ཞིང་མ་བཏབ་གོང་ལ་ཁྱིམ་ཚང་སོ་སོར་སྟེར་ཐུབ་པས། རྨོ་འདེབས་ལ་འགོར་འགྱངས་བྱེད་མི་སྲིད”ཅེས་བཤད་པས། སྡེ་དམངས་རྣམས་ཀྱིས་མགོ་བོ་ནང་ལ་ལྡེམ་བཞིན་གདོང་ལ་སེམས་བདེ་བའི་ཉམས་ཤིག་མངོན་ཡོང་།
རུ་ཁག་གཉིས་པའི་སྡེ་དམངས་ནོར་བྷས་མགྱོགས་མྱུར་ངང“ཧྲུའུ་ཅི། ཁྱེད་ཚོས་གཟན་རྩྭ་ཉོ་རོགས་བྱས་པའི་དབང་གིས། ངེད་ཚང་གི་བ་གླང་གིས་དགུན་ཁ་བདེ་བླག་ངང་སྐྱེལ་ཐུབ་སོང་། ད་ལྟ་བེའུ་རྩེབས་ལ་ཉེ་བས། ང་ལ་ཆེད་ལས་མི་སྣར་འབྲེལ་གཏུག་བྱེད་རོགས་བྱས་ཏེ་མཛུབ་སྟོན་གནང་ཐུབ་བམ”ཞེས་དྲིས།
ཀུའོ་ཡུས་ཞིན་གྱིས་འདང་རྒྱག་སྤུ་ཙམ་མེད་པར་མགོ་བོ་ནང་དུ་ལྡེམ་ཞིང་། མིག་མདངས་ལས་ཐུགས་ཁུར་དང་ཡིད་ཆེས་ཤིག་མངོན་ཏེ།“ཨ་ཁུ་ནོར་བྷ། དོན་དག་འདི་ངས་ཁས་ལེན་བྱེད། རྫོང་ཕྱུགས་སྨན་ས་ཚིགས་ཀྱིས་ཆེད་དོན་ལག་རྩལ་ཞབས་ཞུ་རུ་ཁག་བཙུགས་ཡོད། བེའུ་རྩེབས་ལ་ཉེ་དུས། ཁོ་ཚོར་ཁ་པར་བཏང་ན། ཆེད་མཁས་པ་མགྱོགས་མྱུར་ངང་ཡོང་ནས་གོ་རིམ་ཡོངས་ལ་མཛུབ་སྟོན་བྱེད་པ་དང་། བ་མོ་དང་བེའུ་བདེ་འཇགས་ཡོང་བར་འགན་སྲུང་བྱེད་ངེས་ལ། གཞན་ད་རུང་ཞབས་ཞུ་རུ་ཁག་དུས་ཚོད་ངེས་གཏན་ནང་སྡེ་བའི་ནང་དུ་ཡོང་ནས་གསོ་སྤེལ་ལག་རྩལ་གསོ་སྦྱོང་བྱེད་པ་དང་། ཚན་རིག་གི་གསོ་སྤེལ་བྱེད་ཐབས་དང་རིམས་ནད་སྔོན་འགོག་ཤེས་བྱ་བརྒྱུད་སྤྲོད་བྱས་ནས། འུ་ཅག་གི་གསོ་སྤེལ་ཕན་འབྲས་སྐས་རིམ་གསར་པ་ཞིག་ཏུ་སྤོ་བར་རོགས་རམ་བྱེད་རྒྱུ་རེད”ཟེར།
སྐད་ཆ་དེ་ཐོས་མ་ཐག ནོར་བྷར་ཡིད་འགུལ་ཐེབས་ནས་བཤད་རྒྱུར། “ཁྱེད་ཅག་གི་རོགས་རམ་ཡོད་ན། ང་ཚོ་གསོ་སྤེལ་བྱེད་མཁན་དག་གི་སེམས་བདེ་སོང་།”ཀུའོ་ཡུས་ཞིན་གྱིས་ལག་ཏུ་བཟུང་བའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ཞིང་ཆེན་གྱིས་ཉེ་ཆར་བསྡུས་པའི་རོང་འབྲོག་ས་ཁུལ་གྱི་བྱ་བའི་གྲོས་ཚོགས་ཀྱི་གཙོ་གནད་ཟིན་བྲིས་ཡར་བཀྱགས་ཏེ། སེམས་ལ་ཤུགས་ཀྱིས་ཁེངས་བཞིན་སྐད་གསང་མཐོན་པོས་བཤད་རྒྱུར“ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་སྟེང་། རྨོ་ཞིང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ངེས་པར་གཟབ་ནན་སྒོས་དོན་འཁྱོལ་བྱེད་དགོས་པ་དང་། བེད་མེད་དུ་བསྐྱུར་བའི་ས་ཞིང་བསྐྱར་རྨོ་བེད་སྤྱོད་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པ་ནན་གྱིས་བསྟན་ཡོད། འདིས་རང་རེའི་སྡེ་བར་མགྱོགས་མྱུར་ངང་འགུལ་སྐྱོད་བྱས་ཏེ། སྲིད་ཇུས་ཀྱི་རྗེས་སུ་དམ་པོར་སྙེག་པ་དང་ས་ཞིང་བེད་མེད་དུ་བསྐྱུར་བ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ས་ཞིང་ནི་ང་ཚོ་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་ཡིན་པས། ས་ཞིང་སོར་གང་ཡང་ཆུད་ཟོས་སུ་གཏོང་མི་རུང་བ་ཚང་མས་ཤེས་གསལ་རེད།”
སྡེ་བའི་ནང་གི་སྐྱ་བྷ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་མགོན་པོ་སྡོང་ཕྲུག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ནི། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འདེགས་རྟེན་གཙོ་བོ་ཡིན་ལ། ཐོན་ལས་འཕེལ་རྒྱས་ནི་སྡེ་མི་རེ་རེའི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པས། ཚང་མས་དེ་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་ཀུའོ་ཡུས་ཞིན་གྱིས་སེམས་གཏིང་ནས་ཤེས་ཡོད།
རྒྱལ་ཁབ་གློག་དྲ་ཧོང་ཧྭ་གློག་འདོན་ཀུང་སི་ཡིས་མངགས་པའི་གྲམ་པ་ནང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས། རང་ལས་ཁུངས་ཀྱི་རོགས་རམ་ནི་ཤིན་ཏུ་གལ་ཆེན་ཡིན་པ་ཀུའོ་ཡུས་ཞིན་གྱིས་གསལ་པོར་རྟོགས་ཡོད། དེ་སྔོན། གློག་འདོན་ཀུང་སིས་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས་སྡེ་བའི་ཐོན་ལས་འཕེལ་རྒྱས་ལ་བློ་གཏད་ཆོག་པའི་གློག་ཤུགས་འགན་སྲུང་མཁོ་འདོན་བྱས།
ད་ལྟ་ཁོས་མཉམ་ལས་ཁང་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་གཙོ་བོར་བཟུང་ནས་སྡེ་དམངས་རྣམས་ལ་ངོ་སྤྲོད་བྱེད་པ་དང་ཆབས་ཅིག མངགས་གཏོང་ལས་ཁུངས་ཀྱི་རོགས་སྐྱོར་གནས་ཚུལ་སྦ་གསང་མེད་པར་མཉམ་སྤྱོད་བྱས་ཏེ། ཚང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་མཐོར་གཏོང་བཞིན་ཡོད།
“ད་ལོ། ང་ཚོས་ས་ཞིང་སྤྱི་ཆིང20ལ་ཞི་མེ་སིལ་ཏོག་དང་། སྲེའུ། ཤིང་ཏོག་ལི་ཙི། ཁམ་བུ། ཀུ་ཤུ་སོགས་བཏབ་ཡོད་པ་ལ་མི་འགྱངས་པར་འབྲས་བུ་ཐོགས་ངེས། རྒྱལ་ཁབ་གློག་དྲ་ཧོང་ཧྭ་གློག་འདོན་ཀུང་སིས་རིན་མེད་སྒོས་སྨི་གྲུ་བཞི་མ70ཅན་གྱི་གྲང་བཟོ་གསོས་ཉར་ཁང་ཞིག་ཞལ་འདེབས་གནང་བས། ཞིང་ལས་ཐོན་རྫས་གསོག་ཉར་གྱི་དཀའ་གནད་ཐག་བཅད་དེ། ཕྱིར་འཚོང་དུས་ཚོད་ཇེ་རིང་དུ་བཏང་ཞིང་སིལ་ཏོག་རིན་གོང་མཐོན་པོས་བཙོང་ཐུབ། གཞན་ད་དུང་། རང་འགུལ་སྨན་གཏོར་འཕྲུལ་ཆས་དང་གློག་སྒུལ་ཡལ་ག་བཅོ་ཆས་རིན་མེད་ངང་སྟེར་རྒྱུ་ཡིན་པས། སང་ལོར་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།”
ཀུའོ་ཡུས་ཞིན་གྱིས་ཡུད་ཙམ་ནས་ཡང་བསྐྱར་སྐད་གསང་མཐོན་པོས“ཡུལ་མི་རྣམ་པ། ང་ཚོས་གཞི་ཁྱོན་རང་བཞིན་གྱིས་བསྐྱར་དབུལ་འབྱུང་བ་སྔོན་འགོག་བྱེད་པ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ལོ་མཇུག་ཏུ་ཡོང་འབབ་བགོས་ནས་ཚང་མའི་ཡོང་སྒོ་ཐད་ཀར་ཇེ་མཐོར་གཏོང་བ་ལས་གཞན། སྡེ་བས་རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ། རང་སྡེ་བའི་སྡེ་དམངས་དང་དབུལ་ཐར་ཁྱིམ་ཚང་ལ་སྔར་ལས་མང་བའི་གོ་སྐབས་བསྐྲུན་དགོས། དཔེར་ན། སིལ་སྡོང་འཛུགས་པ་དང་ཆུ་གཏོང་བ། ལུད་འཇོག་པ་སོགས་ཀྱི་ལས་རྐང་མུ་མཐུད་དུ་མཁོ་འདོན་བྱས་ཏེ། ཚང་མ་ཕྱི་རུ་ལས་ཀར་འགྲོ་མི་དགོས་པར་ཁྱིམ་གྱི་སྒོ་ཁ་ནས་བརྟན་འཇགས་ངང་ལས་ཞུགས་བྱེད་དུ་འཇུག་པ་དང་། ཡུལ་མི་རེ་རེར་འཕེལ་རྒྱས་ཀྱི་ཁྲོད་ནས་ཕན་ཁེ་ཐོབ་ཏུ་འཇུག་དགོས”ཞེས་བཤད།
སྐད་ཆ་བཤད་ཚར་མ་ཐག དབུལ་ཐར་ཁྱིམ་ཚང་བཀྲ་ཤིས་འཚོའི་མིག་མདངས་ལས་རེ་སྒུག་དང་སྤྲོ་བའི་ཉམས་ཤིག་མངོན་བཞིན་སྐད་གསང་མཐོན་པོས“ཧྲུའུ་ཅི། ཆུ་གཏོང་བ་དང་ལུད་འཇོག་པ་སོགས་ཀྱི་ལས་ཀར་ང་རང་ཆ་རྒྱུས་ཆེན་པོ་ཡོད། ཁོམ་པ་ཡོད་པའི་སྐབས་སུ་ངེད་ཚང་གི་ཁྱིམ་མི་གཞན་དག་གིས་ཀྱང་རོགས་རམ་བྱེད་ཆོག རེད་ཡ། ཧྲུའུ་ཅི་ལགས། གསོ་སྤེལ་མཉམ་ལས་ཁང་གི་ད་ལྟའི་འཕེལ་རྒྱས་ཀྱི་གནས་ཚུལ་ཅི་འདྲ་ཡིན་པ་ང་ཚོར་བཤད་ན་ཆོག་གམ། ཚང་མས་དེ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་འདུག”ཅེས་བཤད།
“སྲིད་གཞུང་གིས་མ་དངུལ་སྒོར་འབུམ་ལྔ་བཏང་ནས་མཉམ་ལས་ཁང་འདི་བཙུགས་པ་རེད། མིག་སྔར་ཕག50གསོས་ཡོད་ལ། དེ་སྔོན་ཁྱིམ་ཚང་རེར་སྒོར400རེ་བགོས་པ་ཡིན། གཞན་ཡང་།རྒྱལ་ཁབ་གློག་དྲ་ཧོང་ཧྭ་གློག་འདོན་ཀུང་སིའི་ཟ་ཁང་གིས་གཅིག་གྱུར་སྒོས་ང་ཚོའི་ཕག་ཤ་ཉོ་རྒྱུ་རེད། ཕག་གི་ཕྱིར་འཚོང་བྱ་ཡུལ་ལ་སེམས་ཁུར་བྱེད་མི་དགོས། ཁྱེད་ཚོས་བློ་སེམས་རྩེ་གཅིག་གིས་ཕག་གསོས་པས་ཆོག”
སྡེ་མི་རྣམས་ཀྱིས་སྐད་ཆ་དེ་དག་ལ་མཉན་རྗེས་དགའ་བའི་ཐལ་མོ་རྡེབ་པ་དང་། ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས་འདུག ཀུའོ་ཡུས་ཞིན་གྱིས་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ། མུ་མཐུད་དུ་སྡེ་བའི་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་གཞི་གླེང་བྱུང་།“ཡུལ་མི་རྣམ་པ། ང་ཚོས་ད་ལྟ་ཡོད་པའི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པར་མ་ཟད། རོགས་སྐྱོར་ལས་ཁུངས་ཀྱིས་ད་དུང་བརྩེ་སེམས་སྒོ་རྩིས་ཁང་དང་སེ་འབྲུའི་ཚི་གུའི་ཞབས་ཞུ་ས་ཚིགས་བཙུགས་ཏེ། ཚང་མའི་འཚོ་བར་སྔར་ལས་སྟབས་བདེ་དང་འགན་སྲུང་བྱེད་རྒྱུ་རེད།”
ད་ལོའི་དཔྱིད་ཀར། གྲམ་པ་ནང་སྡེ་བའི་རིག་གནས་ཐང་ཆེན་དུ་རེ་བ་དང་སྨོན་འདུན་གྱིས་ཁེངས་འདུག ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་འདིས་སྡེ་དམངས་ཀྱི་དོགས་པར་ལན་བཏབ་པར་མ་ཟད། ཚང་མའི་འབྱུང་འགྱུར་གྱི་རེ་བའི་ཕུགས་བསམ་ལ་དེ་ལས་ཀྱང་གཤོག་པ་བསྩལ་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་སྐྱོར་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག གྲམ་པ་ནང་སྡེ་བ་གོམ་སྟབས་བརྟན་པོས་སྔར་ལས་འཕེལ་རྒྱས་དང་མཛེས་སྡུག་གི་མ་འོངས་པར་སྤོབས་པས་སྐྱོད་བཞིན་ཡོད། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།