ཡུལ་ཚོའི་འཕྲོད་བསྟེན་ཁང་ཞིག་གི་འཕོ་འགྱུར།
2025.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྐོར་ཁ་བརྡ་བྱེད་སྐབས། མི་མང་པོ་ཞིག་གི་ཡིད་ལ་འཚང་ཁ་ཆེ་བ་དང་། སྨན་བཅོས་སྒྲིག་ཆས་མི་འདང་བ། སྨན་པ་དང་སྨན་རྫས་དཀོན་པ་བཅས་ཀྱི་ཐབས་རྡུགས་པའི་རྣམ་པ་དེ་ཤར་སྲིད། ཤུགས་རྐྱེན་འདི་འདྲའི་འོག་ནད་པ་མང་པོ་ཞིག་ཐག་རིང་གི་སྨན་ཁང་ཆེ་སར་སོང་ནས་སྨན་བཅོས་བྱེད་ཀྱིན་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མགར་རྩེ་ཡུལ་ཚོའི་མང་ཚོགས་རྣམས་སྔོན་ཆད་གནས་ཚུལ་འདི་འདྲར་འཕྲོད་མྱོང་ཡོད། སྔོན་ཆས་ཡུལ་ཚོའི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པས། ནད་ཆུང་བའི་རིགས་ཡིན་རུང་ཁུལ་ཐོག་དང་ཡང་ན་ཟི་ལིང་ལ་སྨན་པར་བསྟེན་དུ་འགྲོ་དགོས།

ཟླ2པའི་ཚེས19ཉིན། གསར་འགོད་པ་མགར་རྩེ་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་བོད་སྨན་ཚན་ཁག་གི་ནད་བརྟན་སྨན་བཅོས་ཁང་དུ་ཐོན་དུས། ནད་པ་གསུམ་ལ་སྨན་བཅོས་བྱེད་ཀྱིན་པ་མཐོང་། སངས་རྒྱས་སྐྱིད་ནི་གྲུམ་ནད་ཕོག་པའི་ནད་པ་ཞིག་ཡིན་ལ། སྔོན་ཆད་ཁོ་མོ་རྫོང་མཁར་དང་ཁུལ་ཐོག་ཏུ་སོང་ནས་སྨན་པར་བསྟེན་པ་རེད། ད་སྐབས། གསར་དུ་བསྐྲུན་པའི་སྨན་བཅོས་ཁང་དུ་བོད་སྨན་ཚན་ཁག་བཙུགས་པ་དང་། སྨན་པ་ཚང་མ་རྒྱ་བོད་སྐད་རིགས་གཉིས་ལ་བྱང་ཆ་ལྡན། སངས་རྒྱས་སྐྱིད་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ད་བར་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལེགས་པས། འདིར་སྨན་པ་བསྟེན་དུ་ཡོང་ན་ཧ་ཅང་སྟབས་བདེ་ཡིན་ལ། ནད་ལ་བརྟག་དཔྱད་བྱས་པའི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་བར་མ་ཟད། ང་དང་སྨན་གཡོག་པའི་བར་གོ་བརྡ་མི་འཕྲོད་པའི་སྣང་ཚུལ་ཡང་མེད་སྟབས། ཕྱོགས་གང་ནས་བལྟས་ནས་སྟབས་བདེ་ཞིག་རེད་ཟེར།

རྨང་གཞིའི་སྒྲིག་ཆས་ནས་སྨན་བཅོས་ཞབས་ཞུ་དང་། འཇོན་མའི་དཔུང་སྡེ་ནས་དོ་དམ་རྣམ་པའི་བར། མགར་རྩེ་ཡུལ་ཚོའི་འཕྲོད་བསྟེན་ཁང་རྙིང་བས་འཕོ་འགྱུར་གྱི་བརྒྱུད་རིམ་གལ་ཆེན་ཞིག་བརྒྱུད་ཡོད། སྒོ་བསྟེན་ཐོག་ཁང་ཀྲོང་ངེར་འགྱིང་བ་དང་། སྨན་པའི་གཞུང་སྒྲུབ་ཁང་དང་། སྨན་བཅོས་ཁང་། སྨན་བཅོས་སྒྲིག་ཆས་ཁང་། ནད་པའི་ཞག་སྡོད་ཁང་སོགས་ཡངས་ཤིང་གསལ་ལ། གྲ་དག་པོ་ཞིག་ཡིན་པར་མ་ཟད། རྨང་གཞིའི་སྒྲིག་ཆས་རིགས་ཚང་མ་འཛོམས་ཡོད།

འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པ་མཁས་གྲུབ་རྒྱལ་གྱིས་ངོ་སྤྲོད་བྱས་རྒྱུར། འཕྲོད་བསྟེན་ཁང་གིས་ཉེ་བའི་ལོ་འགའི་རིང་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས།  སྨན་བཅོས་སྒྲིག་ཆས་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། སྤུས་ཚད་སྔར་ལས་མཐོ་བའི་ཞབས་ཞུ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་ལ་རམ་འདེགས་བྱས་པ་ཡིན་ཟེར། 2024ལོར། འཕྲོད་བསྟེན་ཁང་གི་སྨན་རྒྱུ་ཉོ་བསྡུའི་རིན་གོང་འབུམ་གསུམ་དང་ཁྲི་བདུན་ལས་བརྒལ་བ་དང་། བོད་སྨན་ཁང་གི་རྒྱུན་སྤྱོད་སྨན་རྫས་རིགས་བརྒྱ་དང་བརྒྱད་ཅུར་སླེབས་ཤིང་། འཕྲོད་བསྟེན་ཁང་གིས་རྒྱ་བོད་གསོ་རིགས་ཀྱི་ལག་རྩལ་ནུས་པ་སྔར་ལས་མཐོ་རུ་བཏང་ནས། ནུས་ཤུགས་ཡོད་རྒུས་ཡུལ་ཚོ་ཡོངས་ཀྱི་སྡོད་དམངས་རྣམས་ལ་སྤུས་ཚད་སྔར་ལས་ལེགས་པ་དང་སྔར་ལས་སྟབས་བདེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱས།

ད་བར། འཕྲོད་བསྟེན་ཁང་གི་ནུབ་ལུགས་གསོ་རིག་ཚན་ཁག་སྒོ་བསྟེན་ཁང་དུ་རང་འགུལ་ཅན་གྱི་ཁྲག་རྒྱུན་དབྱེ་ཞིབ་ཆས་དང་། ཚོན་ལྡན་སྒྲ་བརྒལ་བརྟག་དཔྱད་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་འོས་སྦྱོར་བྱས་པས། དུས་ཐོག་ཏུ་ཆམ་ནད་དང་གློ་ལུ་རྒྱག་པ། ཁོག་པ་བཤལ་བ། ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུའི་ནད་སོགས་རྒྱུན་ཐོན་ནད་གཞི་བརྟག་དཔྱད་བྱེད་ཐུབ་ལ། དེ་དང་མཉམ་དུ་འཕྲལ་བསྟུན་བརྟག་དཔྱད་དང་མྱུར་སྐྱོབ་ནུས་པ་ལྡན། བོད་སྨན་ཁང་གི་སྨན་པས་བྱང་ཆ་ཡོད་ལ་ཚད་ལྡན་གྱིས་བོད་ལུགས་མེ་བཙའ་འཇོག་ཐབས་དང་བོད་ལུགས་བསྲེགས་བཅོས་ཐབས་སོགས་སྨན་བཅོས་ལག་རྩལ་རིགས་སུམ་ཅུ་ལྷག་སྤྱད་ནས། བོད་ལུགས་སྨན་བཅོས་ལག་རྩལ་གྱིས་རྒྱུན་ཐོན་ནད་གཞི་དང་མང་འབྱུང་ནད་འགོག་བཅོས་བྱེད་སྐབས་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་ཐུབ། 

མཁས་གྲུབ་རྒྱལ་གྱིས་བཤད་རྒྱུར། 2024ལོའི་ཟླ1པོ་ནས་ཟླ12པའི་བར། འཕྲོད་བསྟེན་ཁང་གིས་སྨན་ཁང་དུ་ཞག་སྡོད་བྱེད་མཁན་མི་ཐེངས312དང་། སྒོ་བསྟེན་དུ་མི་ཐེངས7522དང་ལེན་བྱས། 2025ལོར། འཕྲོད་བསྟེན་ཁང་གིས་རིམ་པ་གོང་མའི་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་མཉམ་ལས་སྤེལ་བ་དང་། དུས་བཅད་ལྟར་ཆེད་མཁས་པ་གདན་ཞུ་བྱས་ནས་བརྟག་དཔྱད་དང་། ཞིབ་བཤེར། ལས་སྒོའི་གསོ་སྦྱོང་བཅས་བྱེད་རྒྱུ་ཡིན་ཟེར། 

འཕྲོད་བསྟེན་ཁང་གིས་ད་དུང་ཁྱིམ་ཚང་གི་སྨན་བཅོས་ཞབས་ཞུ་ལག་བསྟར་བྱས་ལ། སྨན་བཅོས་ཚོགས་པ་རྩ་འཛུགས་བྱས་ནས་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ་དང་། ཡུལ་ཚོའི་སྡོད་དམངས་རྣམས་ལ་བདེ་ཐང་དོ་དམ་དང་། དལ་གཤིས་ནད་ཀྱི་རྗེས་འདེད་ལྟ་རྟོག  ཁམས་གསོ་མཛུབ་སྟོན་སོགས་སྒེར་གཤིས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས། 

འཕྲོད་བསྟེན་ཁང་གི་བདེ་ཐང་འཕེལ་རྒྱས་དེ་འཇོན་མིའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པས། འཕྲོད་བསྟེན་ཁང་གིས་སྐུལ་སློང་སྲིད་ཇུས་སྐོར་ཞིག་བརྒྱུད་དེ། ཕུལ་བྱུང་འཇོན་མི་བསྡུ་འགུག་བྱས་ནས་སྨན་བཅོས་རུ་ཁག་ནང་བཅུག བོད་སྨན་ཚན་ཁག་གི་ཀྲུའུ་རིན་ནམ་མཁའ་རྒྱལ་ནི་བོད་རང་སྐྱོང་ལྗོངས་ནས་སྤར་ཡོང་བའི་སྨན་པ་ཞིག་ཡིན་ལ། ཁོང་གིས་ནད་ཐོག་ཉམས་མྱོང་དང་ཕུལ་བྱུང་སྨན་བཅོས་ལག་རྩལ་བརྟེན་ནས། བོད་སྨན་ཆེད་ལས་ཚན་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན། མིག་སྔའི་བར། འཕྲོད་བསྟེན་ཁང་གི་འཇོན་མིའི་དཔུང་སྡེ་རུ་དངོས་གཞི་རིམ་པའི་སྨན་པ་དང་ཞིབ་འཇུག་རིམ་པའི་སྨན་པ་མང་པོ་ཡོད།

མཚོ་སྔོན་སློབ་ཆེན་གྱི་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མ་ནམ་མཁའ་སྒྲོལ་མ་སློབ་མཐར་ཕྱིན་རྗེས་མགར་རྩེ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་ཡོང་ནས་བྱ་བ་བསྒྲུབས། ཁོ་མོས་བལྟས་ན། སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་མང་ཚོགས་ལ་ཆེས་དགོས་མཁོ་ཆེ་བའི་ས་གནས་སུ་སོང་ནས་བྱ་བ་བསྒྲུབས་པ་དང་ཞབས་འདེགས་ཞུ་དགོས་ལ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་འབུལ་དགོས།

དོ་དམ་རྣམ་པ་གསར་གཏོད་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་ནུས་ལྡན་སྒོས་དངོས་འབེབས་བྱས་པས། འཕྲོད་བསྟེན་ཁང་གི་འཕེལ་རྒྱས་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་རེད། འཕྲོད་བསྟེན་ཁང་གིས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བརྒྱུད་དེ། གློག་རྡུལ་ནད་ཐོ་དང་སྨན་རིན་རྩིས་རྒྱག སྨན་རྫས་དོ་དམ་སོགས་མ་ལག་གི་མཉམ་འབྲེལ་མཉམ་མཐུད་མངོན་འགྱུར་བྱུང་བ་དང་། བྱ་བའི་ལས་ཆོད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་། ནད་པའི་ནད་ལ་བརྟག་སྐབས་སྨན་བཅོས་འགན་བཅོལ་བྱང་བུ་གཅིག་པུ་ཁྱེར་ཡོང་ན་མིང་ཐོ་འགོད་པ་དང་། བརྟག་དཔྱད། དངུལ་སྤྲོད། སྨན་ལེན་པ་སོགས་བརྒྱུད་རིམ་ཚང་མ་མྱུར་མོར་ཡོང་འགྲུབ་བྱེད་ཐུབ་པས། གྲལ་སྒྲིག་ནས་སྒུག་པའི་དུས་ཚོད་ཇེ་ཉུང་དུ་བཏང་ཡོད། རོང་འབྲོག་ཁུལ་གྱི་དམའ་སྲུང་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་གི་ཁྱིམ་མི་ཡིས་འཕྲོད་བསྟེན་ཁང་དུ་རིན་མེད་པར་སྨན་བཅོས་དང་ལེན་བྱེད་ཐུབ་པས། དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་ནད་ལ་བརྟག་པའི་གནོན་ཤུགས་ཇེ་ཆུང་དུ་བཏང་བ་དང་། གཞི་རིམ་མང་ཚོགས་ཀྱི་ཐོབ་སྣང་དང་་སྐྱིད་སྣང་སྔར་ལས་ཆེ་རུ་ཕྱིན་ཡོད། 

ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་ཆེད། ཐུན་རིན་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་གིས་དངོས་ཡོད་དགོས་མཁོ་གནས་ཚུལ་ལྟར། སྨན་ཁང་གཅིག་ལ་སྲིད་ཇུས་གཅིག་དང་དགེ་མཚན་གཅིག་གི་འཕེལ་རྒྱས་ཐབས་ཇུས་གཏན་འབེབས་བཟོས་པ་དང་། ཞབས་ཞུའི་བྱེད་ནུས་རྒྱ་བསྐྱེད་པ་དང་། ཚན་ཁག་གི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། སྒྲིག་ཆས་འོས་སྦྱོར་ཁ་ཚང་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་ཀྱིས་ཐག་ཉེ་ནས་འདྲ་མཉམ་ཡིན་ལ་འཐུས་སྒོ་ཚང་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་ལེན་བྱེད་ཐུབ་པས། མང་ཚོགས་ཀྱིས་སྨན་པར་བསྟེན་པའི་མཇུག་མཐའི་སྤྱི་ལེ་གཅིག་གེགས་མེད་ཡོང་བར་བྱས། ཐུན་རིན་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་གནམ་མཚོ་སྐྱིད་ཀྱིས་ངོ་སྤྲོད་བྱས་རྒྱུར། 2024ལོར། ཐུན་རིན་གྲོང་ཁྱེར་གྱི་གཞི་རིམ་སྨན་བཅོས་སྒོ་བསྟེན་ཁང་གིས་མི་ཐེངས54188ལ་བརྟག་དཔྱད་བྱས་པ་དང་། ཞག་སྡོད་བྱེད་མཁན་མི་ཐེངས3316ལ་བརྟག་དཔྱད་བྱས་པས། སྨན་བཅོས་སྤྱིའི་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་ཁྲི་དྲུག་ལས་བརྒལ་ཡོད་ཟེར།

མི་དམངས་ལྟེ་བར་འཛིན་པའི་ལྟ་བ་དེ་འཕྲོད་བསྟེན་བདེ་ཐང་བྱ་བའི་ཕྱོགས་སོ་སོར་འདྲེས་པར་བྱས་ནས། མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐོབ་སྣང་སྔར་ལས་ཆེ་བ་དང་། སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་སྔར་ལས་འགན་སྲུང་ཡོད་པ་བཅས་ནི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འགྱུར་བ་མེད་པའི་དགོངས་པ་རེད། མགར་རྩེའི་འཕྲོད་བསྟེན་ཁང་གིས་འགྱུར་ལྡོག་གསི་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སྒྱུར་བྱས་པར་མ་ཟད། བདེ་ཐང་ཀྲུང་གོའི་འདུ་ཤེས་དེ་རྒྱ་ཆེ་བའི་མཚོ་སྔོན་ས་གཞིར་རྐང་ཚུགས་པར་བྱས་ནས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་བདེ་ཐང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། 

ལྷ་མོ་འཚོས་བསྒྱུར།