ཟླ2པའི་ཚེས19ཉིན། རླངས་འཁོར་བསྐོར་ཏེ་རྒྱལ་ལམ109པ་བརྒྱུད་ནས་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ3ཙམ་སོང་བ་ན། གཞུང་ལམ་གྱི་འགྲམ་གཉིས་སུ་སྟར་ཕྲེང་བསྒྲིགས་པའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་དག་མིག་ལམ་དུ་མངོན་ཡོང་ལ། གནས་དེ་ནི་གསེར་ཐང་གི་གཏན་སྡོད་ས་ཁུལ་རེད། གྲལ་དག་པའི་སྡེ་བའི་གཞུང་ལམ་དང་སྟར་ཕྲེང་བསྒྲིགས་པའི་སྡོད་ཁང་། དེ་མིན་སྡེ་མི་ཚོའི་གདོང་གི་བདེ་སྐྱིད་ཀྱི་འཛུམ་མདངས་བཅས་ལས་གནས་དེའི་འཆམ་མཐུན་དང་དར་རྒྱས་ངང་ཚུལ་མཐོང་ཐུབ།
སྡེ་མི་འབྲུག་འཚོ་སྐྱིད་ཀྱིས་དགའ་སྣང་དང་བཅས་ཏེ་བཤད་རྒྱུར། “སྔོན་ཆད་ང་ཚོས་ཕྱུགས་ཟོག་སྒོར་ཕུད་རྗེས་ཐད་ཀར་དུ་ཡུལ་ལ་འགྲོ་བ་ལས། རོལ་རྩེད་བྱ་འགུལ་ཧ་ཅང་ཉུང་། ས་ཆ་འདིར་གནས་སྤར་བ་ནས་བཟུང་། འགྲོ་འདུག་སྟབས་བདེ་ལ་སྤྲོ་གསེང་ར་བ་ཧ་ཅང་མང་། དུས་རྒྱུན་ཚང་མ་གནས་གཅིག་ལ་འཛོམས་ནས་ཞབས་བྲོ་འཁྲབ་པ་དང་ཁ་བརྡ་བྱེད་ཀྱིན་ཡོད་པས། ཁྱིམ་མཚེས་བར་གྱི་འབྲེལ་བ་ཡང་སྔར་བས་ཇེ་བཟང་དུ་སོང་ཡོད།”
རྒུ་རུ་ཞང་ནི་མཚོ་ནུབ་ཁུལ་གྱི་གངས་གནོད་འབྱུང་སླ་བའི་ས་ཁུལ་ཞིག་རེད། ཞང་ཏང་ཨུའི་ཧྲུའུ་ཅི་བསོད་ཁོས་མཚམས་སྦྱོར་བྱས་པ་ལྟར་ན། རྒུ་རུ་ཞང་གི་ལྷོ་ཕྱོགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་འབྲེལ་ཡོད་ལ། དེའི་མཚོ་འཕགས་ལ་སྨི3700ནས་སྨི5200བར་ཡོད་པས། དཔེ་མཚོན་ཅན་གྱི་ཐན་པའི་གནམ་གཤིས་ཁུལ་ཡིན་པ་དང་། དགུན་ཁ་རིང་ལ་དབྱར་ཁ་ཐུང་ཞིང་བསིལ་འཇམ་ལྡན་པ་ཞིག་ཡིན།
མཁར་གྲོང་དང་རྒྱལ་ལམ་ལ་འབྲེལ་བ་ཡོད་པས་འགྲིམ་འགྲུལ་སྟབས་བདེ་ལ་ཐོན་ལས་གསུམ་པའང་འཕེལ་རྒྱས་གཏོང་སླ་བས། རང་བྱུང་གི་ས་ཁུལ་དེ་ཚང་མའི་ཡོང་སྤར་ཕྱུག་བསྒྱུར་གྱི་ལེགས་ཆ་གསར་པར་གྱུར་ཡོད།
གཞུང་ལམ་གྱི་འགྲམ་དུ། ཕྱུག་བསྒྱུར་སྣེ་ཁྲིད་པ་སངས་རྒྱས་སྐྱབས་ཀྱིས་མགྲོན་ཁང་ཞིག་གཉེར་ཡོད་པ་དང་། ཐོག་ཁང་ཡོངས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་ཞིང་བབ་ཆགས་པ་ཞིག་མཐོང་མོད། འོན་ཀྱང་ཁང་པའི་ནང་དུ་སོང་ཚེ་དེང་རབས་ཅན་གྱི་ཉམས་ཀྱིས་ཕྱུག་པས་ཚོར་སྣང་སྐྱིད་པོ་ཞིག་སྟེར་ངེས། སངས་རྒྱས་སྐྱབས་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། རྒུ་རུ་ཞང་ཏང་ཨུ་ཡིས་ཧུར་ཐག་གིས་དཀའ་ངལ་སེལ་རོགས་བྱས་པར་བརྟེན། རང་གི་མགྲོན་ཁང་འདི་སྒོ་ཕྱེས་པ་ཡིན་ཟེར།
བསོད་ཁོས་མཚམས་སྦྱོར་བྱས་དོན། དོན་དངོས་སུ་ཐོག་ཁང་འདི་སྡེ་བ3གྱི་རོང་འབྲོག་ཁྱིམ་ཚང150ཡིས་རྩྭ་སའི་བྱ་དགའ་ཁ་གསབ་མ་དངུལ་སྒོར་ཁྲི1700ལྷག་བསྡུ་རུབ་བྱས་ནས་བསྐྲུན་པའི་ལམ་ཁའི་ཚོང་ཁང་ཞིག་ཡིན་པ་དང་། དང་ཐོག་རྨང་གཞི་སྒྲིག་བཀོད་ཆ་ཚང་མིན་པའི་རྐྱེན་གྱིས་ཡུན་རིང་བོར་བོགས་མར་གཏོང་མ་ཐུབ། 2022ལོར། རྒུ་རུ་ཞང་ཏང་ཨུས་ལས་གཞི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། ཚོང་དོན་ཁུལ་ལ་ལྗང་བསྒྱུར་དང་ལམ་སྒྲོན། སྲུང་ར། དྲོད་འདོན་སོགས་རྨང་གཞི་སྒྲིག་བཀོད་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་བ་བརྒྱུད། ཚོང་དོན་ཁུལ་གྱི་ཁང་པ་ཚང་མ་བོགས་མར་བཏང་སྟེ། ལོ་རེའི་ཡོང་སྒོ་སྒོར་ཁྲི106ཡོད་པ་དང་། འདི་གཅིག་པུས་ཁྱིམ་ཚང་རེར་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར7000ཉེ་བ་ཙམ་བགོ་ཐུབ་ཟེར།
སྡེ་མིའི་ཉིན་རེར་འཕེལ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐང་ཆེད། གཏན་སྡོད་ས་ཁུལ་དུ་རིག་གནས་བྱ་འགུལ་ཁང་དང་ཞིང་ཁྱིམ་དཔེ་ཁང་བསྐྲུན་ཡོད། རིག་གནས་བྱ་འགུལ་ཁང་དུ་སོང་ཚེ། སྡེ་མི་ཚོས་རང་དགར་གསར་གཏོད་བྱས་པའི་ཡིག་རིས་བརྩམས་ཆོས་ཀྱིས་གྱང་ངོས་ཧྲིལ་པོར་ཁེབས་ལ། ཞིང་ཁྱིམ་དཔེ་ཁང་དུ་ཡང་དཔེ་ཆ་མང་པོ་ཉར་ཚགས་བྱས་འདུག གྲུ་བཞི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་མོ་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། “རིགས་སོ་སོའི་རིག་གནས་བྱ་འགུལ་སྤེལ་བ་བརྒྱུད། ང་ཚོས་སྡེ་མིའི་ལས་ཞོར་གྱི་འཚོ་བ་ཕུན་ཚོགས་སུ་བཏང་བར་མ་ཟད། གཞན་ད་དུང་ཚང་མའི་རིག་གནས་བྱང་ཚད་ཀྱང་ཇེ་མཐོར་བཏང་ཡོད། ད་ལྟ་སྡེ་བའི་ཚུལ་མིན་སྣང་ཚུལ་ཇེ་ཉུང་དུ་ཕྱིན་ནས་རྒན་བཀུར་གཞོན་གཅེས་དང་མཐུན་སྒྲིལ་རོགས་རེས་ཀྱི་སྲོལ་བཟང་ཡག་པོ་ཞིག་ཆགས་ཡོད།”
གསེར་ཐང་གཏན་སྡོད་ས་ཁུལ་གྱི་མ་འོངས་པའི་ཐད་དུ། བསོད་ཁོས་ཡིད་ཆེས་ཀྱིས་ཁེངས་ནས་བཤད་རྒྱུར། “ང་ཚོས་མ་འོངས་པར་ཐོན་ལས་འཕེལ་རྒྱས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྔར་ལས་མང་བའི་ཁེ་ལས་དང་ལས་གཞི་ནང་འདྲེན་བྱེད་པ། སྡེ་མིའི་ཡོང་སྤར་ཐབས་ལམ་རྒྱ་བསྐྱེད་པ། དེ་དང་མཉམ་དུ། རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྡེ་མིའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་དགོས། དམིགས་འབེན་འདི་དག་མངོན་འགྱུར་བྱ་ཆེད། ང་ཚོས་ཞིབ་ཅིང་ཕྲ་བའི་འཆར་འགོད་སྒྲིག་བཟོ་བྱས་པར་མ་ཟད། འཇོན་མི་གསོ་སྐྱོང་དང་ནང་འདྲེན་ལ་ཤུགས་བསྣན་ཏེ། གཏན་སྡོད་ས་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྩོལ་ཐབས་བྱ་རྒྱུ་ཡིན”ཟེར།
ས་སྲོད་སྐབས་ཀྱི་གསེར་ཐང་གཏན་སྡོད་ས་ཁུལ་དུ། རྒྱང་རིང་གི་གངས་རི་དང་རྩྭ་ཐང་གི་ཕང་བ་རུ་སྡེ་མི་ཚོའི་བྲེལ་འཚུབ་ཆེ་ལ་སྐྱིད་སྣང་གིས་ཁེངས་པའི་གཟུགས་བརྙན་དེ་མཛེས་སྡུག་གི་ཤོག་དྲིལ་རི་མོ་ཞིག་ལྟར་སྣང་། ཏང་གི་སྲིད་ཇུས་ཀྱི་མཛུབ་སྟོན་དང་ཚང་མའི་ཐུན་མོང་འབད་བརྩོན་འོག གསེར་ཐང་གི་སང་ཉིན་ནི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡིན་སྲིད། །
བན་དེ་སྐྱབས་ཀྱིས་སྒྲིག་སྒྱུར་བྱས།