སྒྲོག་འགྲེལ་མཇུག་སྒྲིལ་རྗེས། རི་ཕྱོར་སྡེ་བའི་སྐྱེས་མ་ཚོར་སྐྲན་ནད་རིགས་ཀྱི་ཞིབ་བཤེར་རྣམ་གྲངས་ལ་རྒྱུས་ལོན་བྱེད་པའི་ཚུལ།
ཟླ2པའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་རི་ཕྱོར་སྡེ་བའི་སྡེ་མི་དཔའ་ལྡན་རྒྱལ་གྱིས་སྡེ་བའི་སྐད་འཕྲིན་ཚོམས་ལ་བལྟས་པ་ན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་འཕྲིན་ཡིག་མང་པོ་བསྐུར་འདུག་པ་སྟེ། “དེ་རིང་ཀྲུང་དབྱང་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པས། མ་བུ་བདེ་སྲུང་ཁང་གི་ལས་བྱེད་མི་སྣ་ཡོང་བར་མ་ཟད། རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ལས་བྱེད་མི་སྣའང་ཡོང་ཡོད། སྲིད་ཇུས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་ཕྱིར། ཚང་མས་འགོར་འགྱངས་མི་བྱེད་པར་མྱུར་མོར་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ་ཤོག་ཟེར།”
ལྷས་རའི་ནང་གི་ནོར་ལུག་ཚང་མ་དགུན་སར་དེད་རྗེས། ཆུང་མར་སྐད་ཅིག་བཏང་ནས།“ང་ཀྲུང་དབྱང་ཡིག་ཆ་དང་པོ་སྒྲོག་འགྲེལ་ལ་ཉན་དུ་འགྲོ་རྒྱུ་ཡིན”ཟེར། བཀྲ་ཤིས་མཚོའི་ཁྱོ་ཀས་རླངས་འཁོར་བསྐོར་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཕྱོགས་སུ་བསྐྱོད། ཁོ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་ཁར་ཐོན་དུས། དེར་རླངས་འཁོར་ཆུང་བ་དང་ཟོང་འཁོར་ཆུང་བས་ཁེངས་ཡོད་པས། ཁོས་རླངས་འཁོར་ཅུང་ཐག་རིང་ས་ནས་འཇོག་དགོས་བྱུང་།
དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་། རི་ཕྱོར་སྡེ་བའི་གྲོས་ཚོགས་ཁང་དུ་སྡེ་མི་ཚོས་ཁེངས་འདུག སྡེ་མི་མང་ཆེ་བ་ཐོན་པས། རི་ཕྱོར་སྡེ་བའི་འབྲེལ་གནས་ལས་ཁུངས་མདོ་ལ་རྫོང་མ་བུ་བདེ་སྲུང་ཁང་གི་ཀྲུའུ་རིན་གཞོན་པ་མིས་དབྱིན་ལེང་གིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་ལོ་རེ་རེར་ཀྲུང་དབྱང་གི་ཡིག་ཆ་དང་པོ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་ལ། དེ་ནི་ང་ཚོ་མང་ཚོགས་ཀྱིས་འཚོ་བ་སྔར་ལས་སྐྱིད་པོ་རོལ་བ་དང་གྲོང་གསེབ་སྔར་ལས་འཕེལ་རྒྱས་འགྲོ་བའི་ཆེད་རེད་ཟེར།
མིས་དབྱིན་ལེང་འདིས་ཟིན་བྲིས་མང་པོ་བཏབ་ཡོད་ལ། ཁོས་འབྲོག་པ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་ནི་ཕྱུགས་ལས་འཕེལ་རྒྱས་ཡིན་པ་གསལ་བོར་ཤེས་ཡོད། ཁོས་བཤད་རྒྱུར། ཡིག་ཆའི་ཁག་དང་པོར་ཕྱུགས་ལས་བརྟན་འཇགས་འཕེལ་རྒྱལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐོར་བཤད་ཡོད། དེའི་ཁྲོད་གཟན་རྩྭའི་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བའི་ཕྱོགས་ནས། གཟན་རྩྭའི་འདོན་སྤྲོད་ལ་འགན་སྲུང་བྱེད་པ་དང་མཉམ་དུ། རྩྭ་ཕྱུགས་དོ་སྙོམས་ཡོང་བར་བྱེད་པ་དང་། གཟན་རྩྭའི་ཕྱོགས་ནས་ཡུལ་ཚོ་དང་གྲོང་རྡལ་གཞན་པས་གཟན་རྩྭ་འདེབས་འཛུགས་བྱས་པར་དཔེ་ལྟོས་ཆོག་ཟེར།
མིས་དབྱིན་ལེང་གིས་བཤད་རྒྱུར། ཚང་མས་ཁྱིམ་ནང་གི་བུད་མེད་རྣམས་ཁྲིད་ནས་སྐྲན་ནད་རིགས་གཉིས་ཀྱི་རིན་མེད་ཞིབ་བཤེར་བྱེད་དགོས་ཏེ། འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་སྐྱེས་མ་རྣམས་ལ་དམིགས་པའི་དམངས་ཕན་སྲིད་ཇུས་ཤིག་རེད་ཟེར། ཁོས་ཕྱུགས་ལས་འཕེལ་རྒྱས་སྐོར་བཤད་ཚར་རྗེས། ལས་བྱེད་མི་སྣ་བཀོད་སྒྲིག་བྱས་ནས་སྐྱེས་མ་དང་བྱིས་པ་རྣམས་ལ་སེམས་ཁུར་བྱེད་པའི་ཟིན་ཐོའི་དེབ་རེ་རེ་སྡེ་མི་ཚོར་བྱིན་པ་དང་། ཟིན་བྲིས་སྟེང་དུ་སྐྲན་ནད་རིགས་གཉིས་ལ་དམིགས་ནས་འགྲེལ་བཤད་གསལ་བོར་བྲིས་ཡོད།
སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཆོས་སྐྱིད་སྒྲོལ་མས་བཤད་རྒྱུར། ནུ་མའི་འབྲས་སྐྲན་དང་མངལ་སྐེའི་སྐྲན་ནད་ཞིབ་བཤེར་བྱེད་ན་རིན་མེད་ཡིན་པས། རྫོང་མ་བུ་བདེ་སྲུང་ཁང་དུ་སོང་ནས་བརྟག་དཔྱད་བྱེད་ཆོག འདི་ནི་ང་ཚོའི་བུད་མེད་ཀྱི་བདེ་ཐང་གི་འགན་སྲུང་གལ་ཆེན་གཉིས་རེད་ཟེར། ཁོ་མོས་ནང་དོན་འདི་ཚང་མ་བོད་ཡིག་གིས་ཟིན་བྲིས་སྟེང་ལ་ཕབས་པ་དང་། སྒྲོག་འགྲེལ་མཇུག་སྒྲིལ་རྗེས་ཁྱིམ་ཚང་རེ་རེར་སོང་ནས་སྒྲོག་འགྲེལ་བྱེད་སྐབས། སྒྲོག་འགྲེལ་ལ་ཉན་དུ་ཡོང་མ་ཐུབ་པའི་སྐྱེས་མ་ཚོར་བཤད་རྒྱུ་རེད།
མདོ་ལ་རྫོང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ལས་བྱེད་མི་སྣ་ལིས་ཡུང་ཞིའུ་ཡི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ཡུལ་མི་རྣམ་པ། སྐྲན་ནད་རིགས་གཉིས་ཀྱི་རིན་མེད་བརྟག་དཔྱད་སྲིད་ཇུས་ལས་གཞན། ང་ཚོའི་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཚང་མར་འཚོ་བའི་འགན་སྲུང་དང་འབྲེལ་བའི་གཏམ་བཟང་ཁྱེར་ཡོང་ཡོད། ང་ཚོའི་འཚོ་བར་དཀའ་ཁག་འདྲ་མིན་མང་པོར་འཕྲད་སྲིད་དེ། ན་བ་དང་ལོ་ལོན་ན་ལས་ཀ་ལས་མི་ཐུབ་པ་ཚང་མར་བརྟེན་ས་ཞིག་དགོས་པ་ཚང་མས་ཤེས་རྒྱུ་རེད། སྤྱི་ཚོགས་འགན་སྲུང་ཟེར་བ་འདི་ནི་ང་ཚོ་མང་ཚོགས་རྣམས་ཀྱི་རྒྱབ་རྟེན་རེད་ཟེར།
ལིས་ཡུང་ཞིའུ་ཡིས་དྲིལ་སྒྲོག་ལག་དེབ་ཅིག་བླངས་ནས་ཚང་མས་སྟོན་ཞོར་དུ་བཤད་རྒྱུར། ལས་ཞུགས་ལ་མཚོན་ནས་བཤད་ན། ད་སྐབས་ང་ཚོར་གོ་སྐབས་མང་པོ་ཡོད་པ་རེད། ཚང་མའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བ་དང་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱེད་ཆེད། ང་ཚོས་ཟླ་བཞི་པའི་ནང་རིན་མེད་ཀྱི་ལས་ཞུགས་གསོ་སྦྱོང་བྱེད་རྒྱུ་ཡིན་ཟེར།
ལིས་ཡུང་ཞིའུ་ཡིས་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ཞིབ་མོར་ངོ་སྤྲོད་བྱེད་རྒྱུར། ཐེངས་འདིའི་གསོ་སྦྱོང་ལ་གློག་རྡུལ་ཉོ་ཚོང་ཐད་གཏོང་དང་ཇ་མ་སོགས་ཀྱི་ཁྱབ་ཁོངས་མང་པོ་འདུས་ཡོད། ཉམས་མྱོང་ལྡན་པའི་དགེ་རྒན་གྱིས་སློབ་ཁྲིད་བྱས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་རྒྱུ་ཡིན་པས། ཚང་མར་ཐོབ་བྱ་ཡོད་ལ། གསོ་སྦྱོང་བྱས་ཚར་རྗེས་གསོ་སྦྱོང་དཔང་ཡིག་ལེན་ཐུབ་ཟེར།
ཨ་རིག་ཡུལ་ཚོའི་མངགས་གཏོང་ཁང་གི་མཛུབ་སྟོན་པ་སུང་ཅིས་ཁའེ་ཡིས་བཤད་རྒྱུར། ཐེངས་འདིར་ང་ཚོའི་མངགས་གཏོང་ཁང་གིས་ཚང་མར་གློག་འཕྲིན་མགོ་སྐོར་ཐད་ནས་བཤད་རྒྱུ་ཡིན། ཚང་མས་བཤེར་རིས་གཞན་ལ་སྟོན་མི་ཉན། གང་འདོད་སྒོས་མི་ཆ་མེད་ཀྱིས་བསྐུར་བའི་བརྡ་འཕྲིན་གྱི་ཁ་མ་ཕྱེས། སྡེ་མི་ཚོས་དོགས་ཟོན་བྱེད་དགོས་ལ། རང་རང་གི་སྒོར་ཁུག་ལ་བདག་ཡག་པོ་བྱོས་ཟེར། དེའི་རྗེས་ཁོས་ཁ་པར་བླངས་ནས་སྟོན་རྒྱུར། ད་སྐབས་ཐོབ་ཐང་དཔང་ཡིག་ལེན་དགོས་ན། མ་ལག་ཆུང་བ་སྤྱད་དེ་རང་གིས་པར་ལེན་ཆོག་ཟེར།
སྡེ་མི་དཔའ་འདུལ་སྐྱབས་ཀྱིས་མ་ལག་ཆུང་བ་འདི་ཡོད་ན་སྟབས་ཇེ་བདེ་རེད། ཡུལ་ནས་པར་ལེན་དུས་གྱོན་པ་འོས་འཚམ་མིན་ན། སྐབས་ཐོག་དེར་བརྗེས་ཐུབ་པས། ངོ་མ་སྟབས་བདེ་རེད་ཟེར། ཁོས་མྱུར་མོར་ཁ་པར་བླངས་ནས་མ་ལག་ཆུང་བའི་ཁ་ཕྱེ་སྟེ་གཉེན་ཉེ་གྲོགས་པོ་ཚོར་བརྒྱུད་བསྐུར་བྱས།
ཉིན་གུང་གི་ཉི་མ་སྤྲིན་རུམ་ལས་གསེར་ལམ་མེར་འཕྲོས་འདུག སྒྲོག་འགྲེལ་བྱ་བ་མཇུག་སྒྲིལ་རྗེས། སྡེ་མི་ཚོ་གཉིས་རེ་གསུམ་རེ་བྱས་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་ཆེན་ལས་བུད་པ་དང་། སྡེ་བའི་ནགས་སྲུང་བ་ཡའེ་ཀྲི་ཧྥུའུ་ཡིས་དྲོས་ཇའང་འཐུང་ཁོམ་མེད་པར། རླངས་འཁོར་བསྐོར་ནས་སུང་ཅིས་ཁའེ་དང་མི་དམངས་ཉེན་རྟོག་པ་གཉིས་ཀྱི་རྗེས་འབྲངས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་ཁུལ་དུ་བསྐྱོད།
རླངས་འཁོར་ཀྱག་ཀྱོག་གི་རི་ལམ་དུ་བསྐྱོད་ཅིང་། སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་སྐྱ་ཐིང་ངེར་གནས། ཡའེ་ཀྲི་ཧྥུའུ་ཡིས་འཁོར་སྒྱུར་ལ་དམ་པོར་འཇུས་ཡོད་ལ། མཚམས་རེར་མི་དམངས་ཉེན་རྟོག་པ་གཉིས་དང་ལྟེ་གནས་ཁུལ་གྱི་གནས་ཚུལ་སྐོར་ཁ་བརྡ་བྱེད་ཀྱིན་འདུག
རླངས་འཁོར་བསྐོར་ནས་སྐར་མ་བཞི་བཅུ་ཙམ་འགོར་རྗེས། སུང་ཅིས་ཁའེ་དང་བཅས་པ་རླངས་འཁོར་ལས་བབས་ནས་སྐོར་སྲུང་བྱེད་མགོ་བརྩམས། ཡའེ་ཀྲི་ཧྥུའུ་ཡིས་རི་འདབས་ཀྱི་རྨིག་རྗེས་སྟོན་ཞོར། ལྟོས་དང་། འདི་ནི་ཁ་ཤྭའི་རྨིག་རྗེས་རེད། རྨིག་རྗེས་ཆུང་ངུ་འདི་རི་བོང་གི་རྗེས་རེད་ཟེར། ཁོས་མི་དམངས་ཉེན་རྟོག་པ་གཉིས་ལ་རེ་རེ་བཞིན་ངོ་སྤྲོད་བྱས་པ་སྟེ། རི་ཁྲོད་ཀྱི་ཁ་བ་ད་རུང་ཞུ་མེད་པས། རི་སྐྱེས་སྲོག་ཆགས་ཀྱི་རྐང་རྗེས་ཡོད་པར་མ་ཟད། ད་དུང་ཁ་བ་མཐུག་པོ་འདིས་རི་མེ་ཤོར་ཚད་ཇེ་ཆུང་དུ་བཏང་ཡོད།
སུང་ཅིས་ཁའེ་ཡིས་བཤད་རྒྱུར། ཡིག་ཆ་དང་པོ་ལས་གསལ་བོར་བསྟན་དོན། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པར་ཤུགས་སྣོན་པ་དང་། ང་ཚོའི་སྡེ་བའི་རྩྭ་ཐང་དང་ནགས་ཚལ་ནི་སྐྱེ་ཁམས་མ་ལག་གི་འགག་རྩའི་ཁག་ཅིག་ཡིན་པས། ང་ཚོས་ངེས་པར་དུ་སེམས་ཤུགས་ཡོད་ཚད་བཀོལ་ནས་སྲུང་སྐྱོབ་བྱེད་པ་དང་། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྗེས་རབས་པ་ཚོར་རི་སྔོ་ཆུ་དྭངས་ཀྱི་ཡུལ་ལྗོངས་ཤིག་བསྐྲུན་དགོས་ཟེར། ཁོང་གི་སྐད་ཆར་ཉན་རྗེས། ཚང་མས་མགོ་བོ་ལྡེམ་ལྡེམ་བྱེད་ཞོར་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མུ་མཐུད་དུ་སྐོར་སྲུང་གི་ལས་ཀར་ཞུགས།
ལྷ་མོ་འཚོས་བསྒྱུར།