སྡོད་གནས་སྤར་ཏེ་བདེ་བར་འཚོ། ཁྱིམ་གཞིས་རྣམ་པ་གསར་པར་གྱུར།
2025.03.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས15ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ལྷོ་རྒྱུད་དུ་ཡོད་པའི་རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་དུ་བསྐྱོད་པ་ན། ག་ས་གང་དུ་སྐྱིད་སྣང་གིས་ཁེངས་འདུག སྡོད་ཁང་མང་པོ་གྲ་དག་པའི་ལམ་གྱི་གཞོགས་གཉིས་སུ་བསྣོལ་མར་ཆགས་ཡོད་ལ། ཐང་ཆེན་དུ་ཕོ་མོ་རྒན་གཞོན་མེད་པར་སྤྱི་པའི་ལུས་སྦྱོང་སྒྲིག་ཆས་སྟེང་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། ཡང་ན་རྐུབ་སྟེགས་རིང་མོའི་སྟེང་ཙོག་སྟེ་ཁ་བརྡ་བྱེད་བཞིན་ཡོད།

2004ལོའི་ཟླ5པའི་ཚུན་དུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནས་བསྡོམས་པས་ཁྱིམ་ཚང1318ཡི་མི5376སྔ་གཞུག་ཏུ་སྐྱེ་ཁམས་གནས་སྤོར་དང་རུ་བ་གཏན་སྡོད། གཞན་ཡུལ་དབུལ་སྐྱོར་གནས་སྤོར། རྨ་ཆུའི་འགོ་ཁུངས་ཀྱི་གཞན་ཡུལ་གནས་སྤོར་སོགས་ལས་གཞི་བརྒྱུད་དེ། མི་རབས་ནས་མི་རབས་བར་ཕྱུགས་ཀྱི་རྗེས་དེད་ནས་འཚོ་བ་རོལ་སའི་གཙང་པོའི་འགོ་ཁུངས་དང་ཁ་བྲལ་ཞིང་། ན་གོར་མོ་གྲོང་ཁྱེར་གྱི་ལྷོ་རྒྱུད་གྲོང་འདབས་སུ་གནས་སྤར་ཏེ། ཡུས་ཧྲུའུ་ཁུལ་ཁོངས་བརྒལ་ཁའི་སྐྱེ་ཁམས་སྤོར་དམངས་སྡེ་ཁུལ་ཞིག་བསྐྲུན།

ད་ལྟ། མི་ལོ21འདས་ཟིན། སྔོན་ཆད་ཀྱི་འབྲོག་པ་ད་ལྟའི་གཞིས་དམངས་སུ་གྱུར་ཡོད་ཅིང་། ཁོ་ཚོའི་འཚོ་བར་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་འདུག
ད་ལོར་ལོ་ན63ལ་སོན་པའི་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་མདོ་ཕྱུག་སྡེ་བའི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་སྐལ་ཚེ་རིང་ནི་ན་གོར་མོ་གྲོང་ཁྱེར་རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་དུ་སྤར་བའི་གཞིས་དམངས་ཆེས་ཐོག་མའི་གྲས་རེད། སྐལ་ཚེ་རིང་ཚང་གི་སྨི་གྲུ་བཞི་མ80ཅན་གྱི་ཁང་པའི་ནང་དུ་སོང་བ་ན། གཙང་ཞིང་གྲ་དག་ལ་སྒེའུ་ཁུང་དྭངས་གསལ་ལེར་འདུག་ཅིང་།  ཁྱིམ་ཆས་དང་གློག་ཆས་གང་མཁོ་དེ་འཛོམས་ཡིན་པས། ཁྱིམ་དུ་འཚོ་བའི་དྲོད་སྐྱིད་དང་བདེ་སྣང་ཞིག་ཤར་འདུག “གནས་མ་སྤར་བའི་ཡར་སྔོན་དུ་ང་ཚོའི་སྡོད་ཁང་ཚང་མ་ས་ཁང་ཡིན་ལ། དགུན་ཁར་གྲང་ངར་མི་ཁོག་ལ་དབྱར་ཁར་ཚ་བ་ཆེ། དྲ་བ་དང་གློག་གང་ཡང་མེད་ལ། འཐུང་ཆུ་ཚང་མ་གྲམ་ཆུ་ཡིན”ཞེས་སྐལ་ཚེ་རིང་གིས་ཕྱིར་དྲན་བྱེད་བཞིན། ཁོ་རང་དགེ་རྒན་ཞིག་ཡིན་རུང་། ཁྱིམ་དུ་ནོར་ལུག་ཡོད་པས། དབྱར་དགུན་གནང་གི་སྐབས་སུ། སྐལ་ཚེ་རིང་ཁྱིམ་མི་དང་འགྲོགས་ཏེ་རི་འགོར་ནོར་ལུག་འཚོ་རུ་འགྲོ་བཞིན་ཡོད་ལ། ནོར་ལུག་འཚོ་དུས་ཀྱི་ཆ་རྐྱེན་ནི་ལྷག་པར་དཀའ་སྡུག་ཆེ། སྡོད་ས་རས་གུར་དང་བཟའ་རྒྱུ་སྟབས་ཐུག་གམ་ཤ་སྐམས་ཡིན་ཟེར། གནས་སྤར་རྗེས་ཀྱི་འགྱུར་ལྡོག་གླེང་སྐབས། སྐལ་ཚེ་རིང་གི་གདོང་ལ་སྐྱིད་ཉམས་ཀྱི་འཛུམ་ཞིག་མངོན་བཞིན“གནས་སྤར་ནས་ཡོང་རྗེས། ང་ཚོར་རིམ་པ་སོ་སོའི་སྲིད་གཞུང་གི་ཐུགས་ཁུར་ཐོབ་སྟེ། འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དྲོད་རླངས་དང་རང་བྱུང་སོལ་རླངས། རང་འབབ་ཆུ་སོགས་གང་ཡང་ཡོད་པས། སྟབས་བདེ་ཞིང་བག་སྤྲོ་བོ་ཞིག་རེད།”
དང་ཐོག་གནས་སྤོར་བའི་སྐབས་སུ། སྐལ་ཚེ་རིང་བཟའ་མི་གང་བོར་ཡང་དོགས་སྣང་མང་པོ་ཡོད། སྐལ་ཚེ་རིང་གིས་བཤད་རྒྱུར། “རྒད་མོ་ངེད་གཉིས་ཀྱི་མི་ཚེ་ཕྱེད་ཀའི་འཚོ་བ་འབྲོག་ཁུལ་དུ་རོལ་བས། ཆ་རྐྱེན་ཅུང་སྡུག་ནའང་ང་ཚོ་དེར་གོམས་ལོབས་སུ་གྱུར་ཡོད། ད་ལྟ་གློ་བུར་དུ་འབྲོག་ཁུལ་ནས་གྲོང་ཁྱེར་དུ་སྤར་ན། འཚོ་བ་རོལ་སྟངས་བསྒྱུར་བ་ཙམ་མ་ཡིན་པར། བསམ་བློའི་འདུ་ཤེས་ཀྱང་བསྒྱུར་དགོས།”
སྐབས་དེར་སེམས་ལ་དོགས་སྣང་གིས་ཁེངས་ནའང་། སྐལ་ཚེ་རིང་བཟའ་མི་གང་བོས་སྔར་བཞིན་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ཏེ། དུས་ཚོད་དང་པོའི་ནང་འབྲོག་ཁུལ་ནས་སྡེ་ཁུལ་དུ་གནས་སྤར།
སྐལ་ཚེ་རིང་གིས་བཤད་རྒྱུར། “ང་ཚོ་སྡེ་ཁུལ་དུ་བསྡད་ཡོད་ཀྱང་། ཉེ་འཁོར་གྱི་ཁྱིམ་མཚེས་གཡས་གཡོན་ཚང་མ་བོད་རིགས་ཡིན་པས། ཚང་མས་སྔར་བཞིན་བོད་སྐད་བཤད་བཞིན་ཡོད་ལ། འབྲེལ་འདྲིས་བྱེད་ན་ཧ་ཅང་སྟབས་བདེ་རེད། ཟ་མ་ཟོས་རྗེས། ཚང་མས་མཉམ་དུ་ར་སྐོར་ནང་ཁ་བརྡ་བྱེད་པ་དང་འཆམ་འཆམ་དུ་འགྲོ་བཞིན་ཡོད་པས། སྔོན་ཆད་འབྲོག་ཁུལ་དུ་སྡོད་པ་ལས་ཀྱང་བག་བདེ་མོ་ཞིག་རེད། ཆབ་གཞོང་བཀོལ་མི་ཤེས་པ་དང་ཆུ་སྦུག་གི་མཆུ་ཏོ་ཆག་པ། གློག་རིན་སྤྲོད་མི་ཤེས་པ་སོགས་འཚོ་བའི་ཁྲོད་ཀྱི་དཀའ་ཁག་འདི་རིགས་དང་འཕྲད་ཚེ། ཁ་པར་གཏོང་ཐེངས་གཅིག་གིས་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་ཁྱིམ་དུ་ཡོང་ནས་ཞབས་ཞུ་སྒྲུབ་པ་རེད།”
ད་ལྟ། ལོ་ངོ་ཉི་ཤུ་ཙམ་འདས་ཟིན། སྐལ་ཚེ་རིང་བཟའ་མི་གང་བོ་སྔ་མོ་ནས་འཚོ་བ་གསར་པ་འདིར་ཡོངས་སུ་གོམས་ཡོད།
རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་རྣམ་རྒྱལ་རྡོ་རྗེས་བཤད་རྒྱུར། “སྡེ་ཁུལ་བཙུགས་པའི་ཚུན་དུ། ང་ཚོས་བགྲོད་ལམ་ལྗང་བསྒྱུར་དང་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར། སྒོ་རྩིས་ཁང་སོགས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་ལ། སྨན་བཅོས་དང་སློབ་ཞུགས། ལས་ཞུགས་སོགས་ཀྱི་དམངས་འཚོའི་བཟོ་འགོད་ཐད་ནུས་ཤུགས་ཆེན་པོ་བཏོན་ནས། གནས་སྤོར་མང་ཚོགས་ལ་སྡེ་ཁུལ་དེ་རང་ཉིད་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་འཚོ་བ་རོལ་སའི‘ཁྱིམ’ཡིན་པའི་ཚོར་སྣང་སྦྱིན་ཡོད།”
ཉེ་བའི་ལོ་འགའི་རིང་ལ། མང་ཚོགས་ལ་སྔར་ལས་སྡོད་པར་འཚམ་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཆེད། ཆུ་དམར་ལེབ་དང་ན་གོར་མོ་ས་གནས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི2040རེ་ཞུ་བྱས་ཏེ། སྡེ་ཁུལ་གྱི་བགྲོད་ལམ་དང་ཆུ་བཤལ་སྤྱོད་ཁང་། གད་སྙིགས་བརྒྱུད་འདྲེན་ས་ཚིགས། མི་བགྲོད་སྲང་ལམ། ཁང་ཕྱིའི་ཆུ་འབུད། ཉི་ནུས་གློག་སྒྲོན་དང་སོ་ལྟ་བརྙན་མིག་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྤྱད།
ད་ལྟ། སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་སོ་སོ་འཐུས་ཚང་ཡིན་ལ། འབྲོག་པ་མང་ཚོགས་ཀྱི་སྐྱིད་སྣང་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད།
གཞན་ཡུལ་དུ་གནས་སྤར་ན་སྡོད་པར་འཚམ་དགོས་པར་མ་ཟད་ལས་ཀ་གཉེར་བར་དེ་བས་ཀྱང་འཚམ་དགོས་ཏེ། འབྲོག་པ་མང་ཚོགས་ལ་ཡོང་སྒོ་མང་པོ་ལེན་དུ་འཇུག་དགོས།
“སྔོན་ཆད་ངེད་བཟའ་མི་གང་བོའི་ཡོང་སྒོ་གཙོ་བོ་ནི་ཕྱུགས་ལ་བརྟེན་ཡོད། ཕ་མ་གཉིས་ཀ་ལོ་ན་ཆེ་བས། གྲོང་ཁྱེར་དུ་གནས་སྤར་རྗེས་སྐད་བརྡ་མི་འཕྲོད་པར་མ་ཟད། རྩལ་ནུས་ཀྱང་མེད།” ལོ་ན22ལ་སོན་པའི་པད་མཚོ་དང་མོའི་ཕ་མ་གཉིས་ན་གོར་མོར་གནས་སྤར་རྗེས་ཆེས་སེམས་ཁྲལ་ཆེ་བ་ནི་ཁྱིམ་ཚང་གི་ཡོང་སྒོའི་གནད་དོན་རེད།
2024ལོའི་དཔྱིད་ཀར། རྟག་པར་ཕྱི་ཕྱོགས་སུ་ཞོར་ལས་བྱེད་བཞིན་པའི་པད་མཚོ་རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་གྱིས་རྩ་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ཁྲོད་ཞུགས་ཤིང་། ལོ་དེའི་ཟླ6པར་པད་མཚོ་རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་གྱི་སྐྱེ་ཁམས་གླིང་དུ་ཞབས་ཞུ་བའི་ལས་ཀར་ཞུགས།
རྣམ་རྒྱལ་རྡོ་རྗེས་མཚམས་སྦྱོར་བྱེད་རྒྱུར། “རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་སྐྱེ་ཁམས་གླིང་གི་ལས་གཞི་ནི་ན་གོར་མོ་དང་ཆུ་དམར་ལེབ་ས་གནས་གཉིས་ཀྱི་སྲིད་གཞུང་གིས་སྡེ་ཁུལ་གྱི་སྡོད་དམངས་ལས་ཀར་ཞུགས་དཀའ་བའི་གནད་དོན་ལ་ཁ་གཏད་དེ་མཉམ་དུ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ལས་གཞི་ཞིག་ཡིན་ལ། 2024ལོར་ལས་གཞི་དེ་ཕྱོགས་གསུམ་པས་འཁོར་སྐྱོད་གཉེར་སྐྱོང་བྱེད་འགན་ཁུར་བ་དང་། ལོ་རེའི་ངེས་གཏན་གྱི་ཡོང་སྒོ་གླ་དངུལ་སྒོར་ཁྲི་བརྒྱ་ཡོད་པར་མ་ཟད། སྡེ་ཁུལ་ལ་ལས་ཞུགས་ལས་རྐང37འདོན་སྤྲོད་བྱས་ཡོད།”
པད་མཚོས་བཤད་རྒྱུར། “སྔོན་ཆད་ཕྱི་ཕྱོགས་སུ་ཞོར་ལས་བྱེད་སྐབས། གླ་ཕོགས་མཐོ་རྒྱུ་མེད་ལ། ཁྱིམ་མིར་ཡང་བདག་སྐྱོང་བྱེད་མི་ཐུབ། ད་ལྟ་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཚོགས་སུ་ཞུགས་ཐུབ་ལ། ཟླ་རེར་གླ་ཕོགས་སྒོར4500རེ་ཡོད་པས། སྔོན་ཆད་དང་བསྡུར་ན་འཚོ་བ་ཇེ་བཟང་དུ་གྱུར་ཡོད། ཁྱད་པར་དུ་ཕ་མའི་གམ་ནས་ཁོ་གཉིས་ཀྱི་ལུས་ཕུང་བདེ་ཐང་ཡིན་པ་རིག་ན། ངའི་སེམས་བདེ་ཞིང་ཡིད་ཚིམ་པ་ཞིག་རེད།”
ལོ་འདི་འགར། ན་གོར་མོ་གྲོང་ཁྱེར་དང་ཆུ་དམར་ལེབ་རྫོང་ས་གནས་གཉིས་ཀྱི་ལས་ཞུགས་སྡེ་ཁག་གིས་རྩོལ་པོ་སྤོ་བསྒྱུར་ལས་ཞུགས་ཞབས་ཞུའི་སྟེགས་བུ་བཙུགས་ནས། མི་སྡུད་ཚོགས་འདུ་ཐེངས4བསྡུས་པ་དང་། ལས་ཞུགས་ལས་རྐང204འདོན་སྤྲོད་བྱས་ཏེ། སྡེ་ཁུལ་གྱི་མང་ཚོགས226ལ་ཞབས་བྲོ་དང་རྐོ་འདྲུ་འཕྲུལ་ཆས། ཟ་མ་གཡོས་སྦྱོར། བདེ་སྲུང་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས།
དེ་ལས་གཞན་ད་དུང་། གཏན་འཇགས་རྒྱུ་ནོར་དངུལ་གཏོང་དང་། མ་དངུལ་བརྩོན་ལེན་བྱེད་པ་དང་ཚོང་འགུག་དངུལ་འདྲེན་སོགས་ལ་བརྟེན་ནས། ན་གོར་མོ་དང་ཆུ་དམར་ལེབ་ས་གནས་སྲིད་གཞུང་གཉིས་ཀྱིས་སྔ་གཞུག་ཏུ་སྒོར་ཁྲི4000ལྷག་བཏང་སྟེ་ཁུ་ནུ་མི་རིགས་རིག་གནས་སྡེ་བའི་འདུ་ཚོང་ཁྲོམ་ར་དང་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཁང་། རྨ་ཆུའི་འགོ་ཁུངས་ཁུ་ནུ་སྡེ་ཁུལ་གྱི་སྔོ་ཚལ་སྤྱིལ་ཆེན་ལས་གཞི་བཅས་ལག་བསྟར་བྱས་ཏེ། གནས་སྤོར་མང་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་སྤོར་དམངས་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས།
འབྲོག་ཁུལ་ནས་གྲོང་ཁྱེར་དང་། རྙིང་རལ་ཐབས་ཆག་ནས་དྲོད་ལྡན་བག་ཕེབས་བར། གཞན་ཡུལ་གནས་སྤོར་ནི་མཛེས་སྡུག་གི་འཚོ་བའི་ཕྱོགས་སུ་བསྐྱོད་པ་ཡིན་ལ། འབྲོག་པའི་འཚོ་བར་འགྱུར་ལྡོག་བྱུང་བའི་དཀྱོགས་མཚམས་ཤིག་ཀྱང་ཡིན། “གནས་སྤོར”དེ“བདེ་སྡོད”དུ་བསྒྱུར་ཏེ། འབྲོག་པས་ཁྱིམ་གཞིས་གསར་པའི་ནང་རྩ་བ་བརྟན་པོར་ཚུགས་ཏེ། རང་ཉིད་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་དུ་བཅུག་ཡོད། ། 


བན་དེ་སྐྱབས་ཀྱིས་སྒྲིག་སྒྱུར་བྱས།